སྒྲ་སྒྱུར་མར་པ་ལོ་ཙའི་འདས་མཆོད་ལ་ཕུལ་བའི་རྣམ་ཐར།
གངས་རིའི་ཁྲོད་འདིར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཕྱི་མོར་གྱུར་བ་དེ་ཉིད་ནི། ལྷོ་བྲག་ཆུ་ཁྱེར་དུ་མར་པའི་གདུང་ལས། ཡབ་དབང་ཕྱུག་འོད་ཟེར་དང༌། ཡུམ་སྐལ་ལྡན་སྐྱིད་གཉིས་ཀྱི་སྲས་སུ། སྟོན་པའི་འདས་ལོ་ ༡༥༥༦ རབ་བྱུང་གོང་གི་ཆུ་བྱི་སྤྱི་ལོ་ ༡༠༡༢ ལོར་འཁྲུངས། བོད་དུ་སྐུ་ན་ཕྲ་དུས་ནས་འབྲི་ཀློག་བསླབས་ཤིང༌། རྒྱ་གར་དུ་བྱོན་ཐེངས་དང་པོར་ལོ་ལྔ། བར་པ་ལ་ལོ་བདུན། མཐའ་མ་ལ་ལོ་བཅུ་གཉིས་བཅས་བཞུགས། དགུང་ལོ་བཅུ་གཉིས་ནས་ལྔ་བཅུ་རྩ་གཉིས་ཏེ་ལོ་བཞི་བཅུ་ཐམ་པ་སྦྱངས་པ་མཛད་སྐབས། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་རྩ་བརྒྱད་ཀྱི་ཞབས་ལ་གཏུགས་ཤིང༌། མངའ་བདག་མཻ་ཏྲི་པ་བསྟེན་ནས་ཕྱག་རྒྱ་ཆེན་པོའི་མན་ངག་མཐའ་དག་གསན། པཎ་ཆེན་ནཱ་རོ་པ་རང་སྔ་ཕྱི་བསྡོམས་པས་ལོ་བཅུ་དྲུག་ཟླ་བ་བདུན་བསྟེན་ནས། བཤད་སྒྲུབ་ཀྱི་བཀའ་བབ་གཉིས་སུ་མ་མཆིས་པའི་བརྒྱུད་པའི་རིང་ལུགས་འཛིན་པ་རྣམས་ལ། གངས་ལྗོངས་དེར་བཀའ་བརྒྱུད་པ་ཞེས་པའི་རླབ་པོ་ཆེ་མཚན་སྙན་གྱི་བ་དན་དེ། ད་ལྟའི་བར་འཛམ་གླིང་གོ་ལའི་རྩེ་མོར་སྦྲེང་བཞིན་པ་འདི་ཉིད་སྲོལ་ཕྱེས། དགུང་ལོ་ཉེར་དགུ་པ་ལྕགས་འབྲུག་སྤྱི་ལོ་ ༡༠༤༠ ལོར་ལྷོ་གནས་མཆོག་འོག་མིན་ཨོ་རྒྱན་དཔལ་གྱི་བྲོ་བོ་ལུང་ཕྱག་བཏབ། སྐུ་ཚེ་ཧྲིལ་པོར་བསྒྱུར་ཞུས་གཏན་ཕབ་པའི་གསུང་འབུམ་གྱི་སྐོར་ལ། རྣམ་ཐར་དང་རྣམ་མགུར་གྱི་སྐོར། ཡབ་བཀའ་དང་ཡུམ་བཀའི་ཆ་ལག་གི་སྐོར། ཤོག་དྲིལ་གྱི་སྐོར། ཕྱག་ཆེན་གྱི་སྐོར། ཆོས་དྲུག་གི་སྐོར། རྒྱུད་འགྲེལ་མན་ངག་གི་སྐོར། ལས་ཚོགས་ཀྱི་སྐོར། ཆོས་སྲུང་སྒྲུབ་ཐབས་ཀྱི་སྐོར། མདོ་འགྲེལ་གྱི་སྐོར་བཅས་སྐོར་མཚོ་དགུའི་ནང་དུ། ཆོས་ཚན་ཉིས་བརྒྱ་ཉི་ཤུ་ལྷག་ཡོད་ཅིང༌། མཐར་སྒྲ་སྒྱུར་ཆེན་པོ་དེ་ཉིད་དགུང་ལོ་གྱ་དྲུག་པ་སྟོན་པའི་འདས་ལོ་ ༡༦༣༡ རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ་ ༡༠༩༧ ལོར། མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ནས་བཟུང་སྟེ། ད་ལྟ་སྤྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༡༦ བར་ལ་མའི་ལོ་ ༡༠༢༨ ཧྲིལ་པོར་འཁོར་བ་ནི། འཛམ་གླིང་འདིར་དཔལ་མར་པ་བཀའ་བརྒྱུད་པའི་རྗེས་འཇུག་སེར་སྐྱ་སྤྱི་བྱེ་ཡོངས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་བཅས་སོ།
ཕུལླ་ཧ་རི་ཡུལ་དབུས་ན་ཡོད།
ཁ་བརྡ་ལས་གསེར་ས་ལེ་སྦྲམ། དེ་ཡང་དུས་རབས་བཅུ་བ་དང་བཅུ་གཅིག་པའི་ནང་བྱོན་པར་གྲགས་པའི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་གྲུབ་ཆེན་ནཱ་རོ་བ་མཆོག་གི་བཞུགས་ཡུལ་གནས་མཆོག་ཕུལླ་ཧ་རི་ནི། ད་ལྟའི་ཆར་ཡུལ་ཕྱོགས་གང་དུ་ངེས་འཛིན་བྱེད་མིན་གྱི་ཐད་འདོད་ཚུལ་མི་མཐུན་པ་འགའ་ཤས་བྱུང་དང་འབྱུང་མུས་སུ་ཡོད་གཤིས། དེར་བརྟེན་ཁོ་བོས་ཀྱང་བསམ་ཚུལ་ཐུང་ཙམ་བགྲོའོ།། ༼ཕུལླ་ཧ་རི༽ནི་སྔོན་བྱོན་མཁས་པ་དུ་མས་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་པར་གསུང་བ་འདི་ཁོ་བོས་གཙིགས་སུ་འཛིན་བཞིན་ཡོད། ཡིན་ཡང་། ཕུལླ་ཧ་རི་དང་མིང་མཐུན་པའི་དོད་ཐོབ་རེ་ཡུལ་གྲུ་གཞན་དང་གཞན་དུ་ཡོད་ཀྱང་འགལ་བ་ཆེར་མི་སྣང་སྟེ། དཔེར་ན། ཡུལ་དབུས་ཀྱི་གནས་ཆེན་ཆེ་ཁག་བཞི་པོ་འདིའི་དོད་ཐོབ་རེ་རྒྱ་གར་ཤར་ནུབ་ཀྱི་ཡུལ་དང་། བྷར་མའི་ཡུལ་སོགས་སུ་ཡོད་པ་ལྟ་བུ་ཡིན། གྲུབ་ཆེན་ཏེ་ལོ་བ་དང་ནཱ་རོ་བ་གཉིས་ནི་དུས་ཕྱིས་སུ་གནས་ངེས་མེད་འགྲིམ་པའི་རྣལ་འབྱོར་བ་ཡིན་པས་ཡུལ་གང་དུ་བཞུགས་ལ་གང་དུ་མི་བཞུགས་པའི་ཁ་ཚོན་ནི་སུས་ཀྱང་གཅོད་དཀའ། འོན་ཀྱང་། ཐོག་མར་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་མེད་ཀྱི་ཐད་ལ་རྨོངས་འཆར་འགའ་ཞུ་འདོད་བྱུང་། གཅིག༽ པཎ་ཆེན་ནཱ་རོ་བ་ནི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དུ་སློབ་གཉེར་གནང་སྟེ་པཎྜི་ཏའི་མཚན་གནས་བཞེས་མཁན་ཞིག་དང་། དཔལ་ནཱ་ལེན་དྲའི་ཕྱོགས་བཞིའི་སྒོ་ཆེན་བཞི་ལས་ནུབ་སྒོ་སྲུང་མཁན་གྱི་མཁས་པ་གྲགས་ཆེན་ཞིག་ཀྱང་ཡིན། དེར་བརྟེན་སྒོ་སྲུང་བ་ཞེས་པའི་མཚན་ཡང་ཐོགས། མར་བ་ལོ་ཙ་བ་རྒྱ་གར་དུ་ཕེབས་ཐེངས་དང་བོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སྐབས་སུ་ཐོག་མར་ཤར་གྱི་ཆུ་བོ་གངྒ་བརྒལ་ཏེ་དཔལ་ནཱ་ལེན་དྲ་རུ་ཕེབས། དེ་ནས་འགོ་བཙུགས་ཏེ་རིམ་གྱིས་བླ་མ་ནཱ་རོ་བ་བཙལ་བའི་གོ་རིམས་འདིས་ཀྱང་བླ་མ་ནཱ་རོ་བ་ཁོང་དཔལ་ནཱ་ལེན་དྲ་དང་ཐག་མི་རིང་བའི་་གནས་ཤིག་ཏུ་བཞུགས་ཡོད་པ་གོ་ཐུབ། གཉིས།༽རུས་པའི་རྒྱན་ཅན་གྱི་མར་པའི་རྣམ་ཐར་ལས་ནཱ་རོ་པ་ཕེབས་སྒུག་གིས་མར་པ་ལོ་ཙ་བ་ནཱ་ལན་ཏྲར་བཞུགས་པ་ན་བང་ཆེན་འབྱོར་བས་དགེ་ཚུལ་ཤེས་རབ་སེང་གེ་དང་བསྡེབས་སྤང་ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་ནཱ་རོ་པ་མཇལ་བ་ཞེས་གསུང་བས། པཎ་ཆེན་ནཱ་རོ་བ་ལ་ཕེབས་སྒུག་གིས་དཔལ་ནཱ་ལན་དྲ་རུ་བཞུགས་པ་འདིས་ཀྱང་གསལ་བྱེད་ཡང་དག་ཅིག་བྱས་ཡོད། གསུམ།༽མར་བ་ལོ་ཙ་བའི་རྣམ་ཐར་ལས་པུཥྤ་ཧ་རིར་ནཱ་རོ་པའི་དྲུང་དུ་ཆོས་གསན་ནས་ན་ལེནྡྲར་བྱོན་པས། ཁ་ཆེའི་པཎྜི་ཏ་ཤྲི་བྷ་དྲ་དང་མཇལ་ཞེས་གསུངས་པས། བར་ལམ་གྱི་གནས་ཚུལ་ཅི་ཡང་མེད་པར་ཐད་ཀར་ནཱ་ལེན་དྲར་བྱོན་པ་ལྟ་བུ་ཞིག་མངོན་པས། འདིས་ཀྱང་དཔལ་ནཱ་ལེན་དྲ་དང་ཕུལླ་ཧ་རི་གཉིས་ཀྱི་བར་ཐག་རིང་བོ་མིན་པ་ལྟ་བུར་མངོན། བཞི།༽ རྣམ་ཐར་ལས་གསུང་བ་ལྟར་གྲུབ་ཆེན་ནཱ་རོ་བ་ལ་མཉེས་པའི་མཆོད་པ་སོགས་ཕུལ་ནས་ལམ་དུ་ཞུགས་ཏེ་མཻ་ཏྲི་པའི་བཞུགས་སར་ཉི་མ་སྔ་ཕྱེད་ཙམ་ལ་ཕེབས་པས། ཤིང་ནྱ་གྲོ་དྷའི་གྲིབ་མ་ལ་བཞུགས་པ་དང་མཇལ། རྟག་ཏུ་ངུས་ཆོས་འཕགས་མཇལ་བ་ལྟ་བུའི་དགའ་བ་སྐྱེས་ཞེས་གསུང་བ་འདིས་ཀྱང་པཎ་ཆེན་ནཱ་རོ་བའི་བཞུགས་གནས་དང་། གྲུབ་ཆེན་མེེ་ཏྲི་བའི་བཞུགས་གནས་གཉིས་ལ་བར་ཐག་རིང་བོ་མེད་པ་གསལ་ཞིང་། གྲུབ་ཆེན་མེེེ་ཏྲི་པའི་བཞུགས་གནས་ནི་ཤར་ཆུ་བོ་གངྒའི་ངོ་ཕྱོགས་ཡིན་པ་རྣམ་ཐར་དེ་ཉིད་དུ་གསལ། ལྔ།༽ བླ་མ་མར་བའི་རྣམ་ཐར་དུ་གསལ་བ་ལྟར་རྒྱལ་རིགས་ཀྱི་པཎྜི་ཏ་ཞི་དུལ་ཅན་ཞིག་གྲུབ་ཆེན་ནཱ་རོ་བའི་དྲུང་དུ་ཡང་ཡང་ཆོས་ཞུ་བར་འོང་བ་གཟིགས་པ་ཕྱིས་བོད་ཉང་སྟོད་དུ་ཕེབས་དུས་ཁོང་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཡིན་པར་ངོ་ཤེས་ཞེས་གསུང་བས་ཀྱང་། བིཀྲ་མ་ལ་ཤའི་གཙུག་ལག་ཁང་དང་ཕུ་ལ་ཧ་རི་གཉིས་ཀྱི་བར་ཐག་ཧ་ཅང་རིང་བོ་མེད་པར་ཆོས་ཞུ་སར་ཡང་ཡང་བཅར་ཐུབ་ཀྱི་ཡོད་པ་དང་། ནཱ་རོ་བ་བྱང་ཕྱོགས་ཁ་ཆེའི་ཡུལ་ན་བཞུགས་ཡོད་ཚེ་ཡུལ་ཐག་རིང་བས་རྐྱེན་གྱིས་ཐེངས་འགར་བཅར་ཐུབ་ཀྱང་ཡང་ཡང་ཆོས་ཞུ་སར་ཕེབས་པ་མི་ཐུབ་པ་མངོན་གསལ་ཡིན། དྲུག༽ རྣམ་ཐར་ལས། བྱང་ཕྱོགས་ཕུ་ལ་ཧ་རིར་བྱོན། །དངོས་གྲུབ་ཅན་གྱི་དགོན་པ་རུ། །སྒོ་སྲུང་ནཱ་རོ་པཎ་ཆེན་ལ།། ཞེས་རྣམ་ཐར་རང་ལས་བྱང་ཕྱོགས་ཟེར་བ་ཙམ་ལས་མ་བྱུང་བས་ནཱ་ལེན་དྲའི་བྱང་དུ་གོ་བ་བླངས་ནའང་མི་འགྲིག་པ་ཆེར་མེད་མོད། ཆོས་འབྱུང་གཞན་འགའ་ལས་བྱང་ཕྱོགས་ཁ་ཆེའི་ཡུལ་ཞེས་འབྱུང་བས། མ་དག་པ་ཡིན་ཞེས་སྨྲ་མི་ནུས་མོད། འོན་ཀྱང་། དཔྱད་གཞི་ཆེ་སྟེ། མར་བ་ལོ་ཙ་བའི་རྣམ་ཐར་དུ་བྱང་ཕྱོགས་ཁ་ཆེའི་ཡུལ་གྱི་ཕུ་ལ་ཧ་རི་ཞེས་པའི་ཚིག་ཟུར་ཙམ་ཡང་མཐོང་དུ་མེད། རྣམ་ཐར་ལས། ༼ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས།།རྒྱལ་ཚབ་འཛིན་ཕྱིར་སླེབ་པ་ལེགས།།༽ཞེས་པ་ནི་ཕུ་ལ་ཧ་རི་རྒྱ་གར་གྱི་བྱང་ཕྱོགས་ན་ཡོད་པའི་སྒྲུབ་བྱེད་དུ་གཏན་ནས་མི་འགྲོ་སྟེ། འདིས་ནི་མར་བ་ལོ་ཙ་བ་བྱང་ཕྱོགས་ཁ་བ་ཅན་ནས་ཚུར་རྒྱ་གར་དུ་བྱོན་པ་གསུང་བ་ཡིན་ནོ།། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཆག་ལོ་ཙ་བ་ལ་ཁུངས་གཏུགས་ཏེ་ཕུལླ་ཧ་རི་ནི་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་པར་ངོས་འཛིན་གནང་འདུག་པ་དེ་ཁོ་ནའོ།།
རྟེན་འབྲེལ་སྙིང་པོའི་གླུ་འདི་བླངས་སོ།།
རྗེ་བཙུན་མི་ལ་རས་པ། ལྷོ་བྲག་མར་པའི་ཞབས་ལ་འདུད།། སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།། ཡོན་བདག་བཟང་པོའི་ཚོགས་གསོག་ལ།། དོན་གཉིས་འགྲུབ་པའི་རྟེན་འབྲེལ་འགྲིག། རྙེད་དཀའ་འཇིག་སླའི་ལུས་པོ་འདི།། ཟས་དང་ཕྲད་པས་སྐུ་ཁམས་བཟང་།། དོག་མོ་ས་ཡི་རྩི་བཅུད་དང་།། དགུང་སྔོན་དབྱིངས་ཀྱི་སྦྲང་ཆར་གཉིས།། འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན།། ཕ་མས་གསོས་པའི་སྒྱུ་ལས་དང་།། བླ་མ་དམ་པའི་གདམས་ངག་གཉིས།། ལྷ་ཆོས་བྱེད་པའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན།། མི་མེད་ལུང་བའི་བྲག་ཕུག་དང་།། ཁ་ཞེ་མེད་པའི་དགེ་སྦྱོར་གཉིས།། ཅི་བསམས་འགྲུབ་པའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་སྟོང་ཉིད་ཡིན།། མི་ལ་རས་པའི་སྒོམ་བསྲན་དང་།། ཁམས་གསུམ་སེམས་ཅན་དད་པ་གཉིས།། འགྲོ་དོན་འབྱུང་བའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་སྙིང་རྗེ་ཡིན།། བྲག་ལ་སྒོམ་པའི་སྒོམ་ཆེན་དང་།། འཚོ་བ་སྦྱོར་བའི་ཡོན་བདག་གཉིས། སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།། བླ་མ་བཟང་པོའི་ཐུགས་རྗེ་དང་།། སློབ་མ་བཟང་པོའི་སྒོམ་བསྲན་གཉིས།། བསྟན་པ་འཛིན་པའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་གྱི་སྙིང་པོ་དམ་ཚིག་ཡིན།། བྱིན་རླབས་མྱུར་པོའི་དབང་བསྐུར་དང་།། དད་གུས་དྲག་པོའི་གསོལ་འདེབས་གཉིས།། མྱུར་དུ་འཇལ་བའི་རྟེན་འབྲེལ་ཡིན།། རྟེན་འབྲེལ་སྙིང་པོ་བཀྲ་ཤིས་ཡིན།། རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་།། སྤྲང་པོའི་སྐྱིད་སྡུག་ཁྱེད་རང་མཁྱེན།། ཞེས་པའི་གླུ་བླངས།།
རྗེ་མི་ལའི་སྒྲུབ་གནས་ཀྱི་ལམ་ཡིག་ཐོས་པ་དགའ།
རྒྱུད་སྡེ་རྒྱ་མཚོའི་གདམས་པའི་བཅུད་འཐུང་ཞིང་།། དཀའ་སྤྱད་སྒྲུབ་པའི་རྒྱལ་མཚན་ཆེར་བཙུགས་པས།། ཚེ་ལུས་གཅིག་ལ་ཟུང་འཇུག་མཆོག་བརྙེས་པ།། གངས་ཅན་གྲུབ་པའི་དབང་ཕྱུག་ཐོས་པ་དགའ།། གང་གི་རྣམ་པར་ཐར་པའི་མཛད་པ་དག ། གང་དུ་བསྟན་པ་གནས་མཆོག་བྱིན་རླབས་ཅན།། གང་ན་ཡོད་པ་རང་གིས་དངོས་མཇལ་བ།། གང་ནས་རྒྱུ་བའི་ལམ་ཡིག་འདི་ན་ཡོད།། དེ་ཡང་རྗེ་བཙུན་ཆེན་པོ་ལ་ཁོང་གི་བླ་མ་ལྷོ་བྲག་མར་པའི་ཞལ་ནས་ངས་ཁྱོད་ལ་ཆོས་རྣམས་སྒྱུ་མ་ལྟ་བུར་ངོ་སྤྲད་པས་དེ་བཞིན་ཉམས་སུ་ལོངས། གནས་གཡའ་ཁྲོད་གངས་ཁྲོད་ནགས་ཁྲོད་རྣམས་བསྟེན། རི་ཁྲོད་རྣམས་ཀྱི་ནང་ནས་ཀྱང་ལ་སྟོད་རྒྱལ་གྱི་ཤྲཱི་འདི་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རི་ཡིན་པས་དེ་ལ་སྒོམས། གངས་ཏི་སེ་སངས་རྒྱས་ཀྱིས་ལུང་བསྟན་པའི་རི་བོ་གངས་ཅན་དང་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན་པས་དེ་ལ་སྒོམས། ལ་ཕྱི་གངས་ར་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་གོ་དཱ་ཝ་རི་ཡིན་པས་དེ་ལ་སྒོམས། མང་ཡུལ་གྱི་རི་བོ་དཔལ་འབར་དང་། བལ་ཡུལ་གྱི་ཡོལ་མོ་གངས་ར་མདོ་ཕལ་པོ་ཆེ་ནས་ལུང་བསྟན་པའི་གནས་ཡིན་པས་དེ་ལ་སྒོམས། བྲིན་གྱི་ཆུ་དབར་ཞིང་སྐྱོང་གི་མཁའ་འགྲོ་བཞུགས་ཤིང་འདུ་བའི་གནས་ཡིན་པས་དེ་ལ་སྒོམས། གཞན་ཡང་མི་མེད་ཀྱི་གནས་མཐུན་རྐྱེན་གང་འཛོམས་སུ་སྒོམས་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག ཅེས་དང་། ཁྱོད་རང་ལུང་བསྟན་པའི་གནས་དེ་རྣམས་སུ་སྒྲུབ་པ་གཙོ་བོར་ཐོན་ཅིག སྒྲུབ་པ་ནུས་ན་བླ་མའི་ཞབས་ཏོག ཕ་མའི་དྲིན་ལན། སེམས་ཅན་གྱི་འགྲོ་དོན་རྣམས་དེ་ཀ་རང་གིས་གྲུབ་པ་ཡིན། སྒྲུབ་པ་མ་ནུས་ན་ཚེ་རིང་པོ་ལས་ངན་གསོག་ཆེ་བ་ལས་མེད་པས། ཚེ་འདིའི་འདུན་ཐག་སྐྱུངས་ལ། ཚེ་འདི་དོན་དུ་གཉེར་བའི་མི་དང་ལབ་མ་བྱེད་པར་སྒྲུབ་པ་ལ་འབུངས་ཤིག་པར་གསུངས་ཤིང། སེ་བན་རས་པས་རྗེ་བཙུན་གྱི་སྒྲུབ་གནས་གཙོ་བོ་ལ་ཕྱི་དང་ཆུ་དབར་དུ་གདའ་བ། དེ་གཉིས་དང་གོང་གི་དེ་རྣམས་མིན་པ་གང་དང་གང་དུ་སྒྲུབ་པ་མཛད་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བལ་པོའི་ཡོལ་མོ་གངས་ར། ཡོངས་སུ་གྲགས་པ་ཕྱི་ཡི་རྫོང་དྲུག མ་གྲགས་པ་ནང་གི་རྫོང་དྲུག གསང་བའི་རྫོང་དྲུག ཡང་རྫོང་གཉིས་དང་ཉི་ཤུ། ཡོངས་སུ་གྲགས་པའི་ཕུག་ཆེན་བཞི། མ་གྲགས་པའི་བཞི་སྟེ། དེ་རྣམས་ཀྱི་ནང་དུ་སྔར་གྱི་གནས་རྣམས་ཀྱང་འཐུས་པ་ཡིན། གཞན་ཡང་ཕུག་ཕྲན་དང་རི་ཁྲོད་དབེན་ལ་མཐུན་རྐྱེན་འཛོམས་པ་རྣམས་སུ་བསྒོམས་པས། བསྒོམ་བྱ། སྒོམ་བྱེད། སྒོམ་མཁན་རྣམས་གཅིག་ཏུ་འདྲེས་ནས་སྒོམ་མི་ཤེས་པར་འདུག །ཅེས་གསུངས། རས་ཆུང་པས། རྗེ་བཙུན་གྱིས་ཆོས་རྣམས་ཟད་སར་བསྐྱལ་བའི་ཐུགས་རྗེས། བདག་ཅག་སློབ་འབངས་རྣམས་ལ་ཡང་ཕྱིན་ཅི་མ་ལོག་པའི་གོ་བ་དང་མྱོང་བ་འདྲེས་པ་ཅུང་ཟད་རེ་ལ་བརྟན་པ་ཐོབ་པས་བློ་བདེ་བར་གདའ་བ་བཀའ་དྲིན་ཆེ་ལགས། མ་འོངས་པའི་གདུལ་བྱ་རྣམས་ཚོགས་གསོག་པའི་མིག་རྐྱེན་དུ་སྒྲུབ་གནས་ཕྱི་ནང་གསང་བའི་རྫོང་རྣམས་དང་། ཕུག་ཆེན་རྣམས་ཀྱི་ངོས་འཛིན་མིང་རེ་གསུང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཡོངས་སུ་གྲགས་པ་ཕྱི་ཡི་རྫོང་དྲུག་ནི། བྲག་དཀར་རྟ་སོ་དབུ་མ་རྫོང་། སྨིན་ཁྱུག་གྲིབ་མ་རྫོང་། ལིང་པ་བྲག་དམར་རྫོང་། རག་མ་བྱང་ཆུབ་རྫོང་། སྐྱང་འཕེན་ནམ་མཁའ་རྫོང་། བྲག་སྐྱ་རྡོ་རྗེ་རྫོང་རྣམས་སོ། །མ་གྲགས་པ་ནང་གི་རྫོང་དྲུག་ནི། མཆོང་ལུང་མཆོང་གི་རྫོང་། སྐྱིད་པ་ཉི་མ་རྫོང་། ཁུ་བྱུག་དབེན་པ་རྫོང་། ཤེལ་ཕུག་ཆུ་ཤིང་རྫོང་། བེ་རྩེ་འདོད་ཡོན་རྫོང་། རྩིག་པ་རྐང་མཐིལ་རྫོང་རྣམས་སོ། །གསང་བའི་རྫོང་དྲུག་ནི། རྒྱ་བྲག་ནམ་མཁའི་རྫོང་། སྟག་ཕུག་སེང་གེ་རྫོང་། སྦས་ཕུག་མ་མོ་རྫོང་། ལ་ཕུག་པད་མ་རྫོང་། གླང་སྒོ་ཀླུ་བདུད་རྫོང་། ཁྲོ་རྒྱལ་རྡོ་རྗེ་རྫོང་རྣམས་སོ། །ཡང་རྫོང་གཉིས་ནི། སྐྱིད་ཕུག་ཉི་མ་རྫོང་དང་། སྤོ་མཐོ་ནམ་མཁའ་རྫོང་གཉིས་སོ། །ཡོངས་སུ་གྲགས་པའི་ཕུག་ཆེན་བཞི་ནི། གཉའ་ནང་གི་གྲོད་པ་ཕུག ལ་ཕྱིའི་བདུད་འདུལ་ཕུག བྲིན་གྱི་འབྲི་ལྕེ་ཕུག ཏི་སེའི་རྫུ་འཕྲུལ་ཕུག་རྣམས་སོ། །མ་གྲགས་པ་བཞི་ནི། རྩའི་རྐང་ཚུགས་ཕུག རོན་གྱི་འོད་གསལ་ཕུག ར་ལའི་ཟ་འོག་ཕུག ཀུ་ཐང་གི་ཕུག་རོན་ཕུག་རྣམས་ཡིན། དེ་རྣམས་སུ་བསྒོམ་པ་བྱུང་ན་དབེན་ལ་མཐུན་རྐྱེན་འཛོམས་པ་ཡང་ཡོད་ཅིང་། བརྒྱུད་པའི་བྱིན་རླབས་འཇུག་པ་ཡིན་པས་སྒོམས་ཤིག ཅེས་གསུངས་སོ། ། དེ་ལྟར་གྱི་སྒྲུབ་གནས་རྣམས་གཙོ་བོ་ད་ལྟའི་བོད་ལྗོངས་ཀྱི་མངའ་རིས་སྤུ་ཧྲེང་རྫོང་དང་། གཞིས་རྩེའི་སྐྱིད་གྲོང་རྫོང་། གཉའ་ནང་རྫོང་། དིང་རི་རྫོང་། ལྷོ་ཁའི་ལྷོ་བྲག་རྫོང་དང་། རིན་སྤུངས་རྫོང་། ཕྱིའི་བལ་ཡུལ་རྒྱལ་ཁབ་བཅས་ཏེ་རི་བོ་ཧི་མ་ལ་ཡའི་ལྷོ་བྱང་གི་གངས་ཁྲོད་ནགས་གསེབ་རྫ་སུལ་བས་མཐའ་རྣམས་སུ་ཡོད་པ་ལས། སྐྱིད་གྲོང་རྫོང་ཁོངས་སུ་ཡོད་པ་ནི། རྫོང་སྲིད་གཞུང་ཆགས་ཡུལ་རྫོང་དགའ་རུ་བསླེབས་དུས་ཡུལ་མི་རྒན་རབས་ལ་དྲིས་ན་འཁྲུངས་ཡུལ་སྐྱ་རྔ་རྩ། བྲག་དཀར་རྟ་སོ། ར་ལའི་ཟ་འོག་ཕུག ཀུ་ཐང་གི་ཕུག་རོན་ཕུག་བཅས་ཤེས་མཁན་ཐུག་རྒྱུ་འདུག ཐོག་མར་སྐུ་འཁྲུངས་ཡུལ་སྐྱ་རྔ་རྩ་ནི། རྫོང་དགའ་གྲོང་བརྡལ་ནས་མར་སྐྱིད་གྲོང་ལ་འགྲོ་སའི་རྫ་འགག་གི་གཞུང་ལམ་དེད་ནས་གང་འཚམས་སོང་རྗེས་གཡོན་ངོས་ཀྱི་ལུང་ལག་ནང་འཁོར་ལམ་ཆུང་ངུ་བརྒྱུད་དེ་སོང་བས་རྩ་ལུང་གསར་པ་ཟེར་བའི་གྲོང་ཚོར་བསླེབས། རླངས་འཁོར་དེར་འཇོག་དགོས། དེར་རྗེ་བཙུན་འཁྲུངས་ཡུལ་ལམ་རྩ་ལུང་རྙིང་པ་ཞེས་དྲིས་ན་གྲོང་མི་ཀུན་གྱིས་ཤེས་ཏེ་ལ་ཕར་ཚུར་ཡིན། ལར་རྩ་ལུང་ཟེར་བ་རྗེ་བཙུན་འཁྲུངས་སའི་གྲོང་ཚོའི་མིང་ཡིན་ལ་དེར་ནམ་རྒྱུན་ཆུ་ལོག་གི་གནོད་པ་འཕྲད་ཀྱི་ཡོད་པ་དང་། འཁོར་ལམ་བཟོ་དཀའ་བས་གྲོང་ཚོ་དེ་རོན་ཕུ་རུ་གནས་སྤོས་པ་ལ་རྩ་ལུང་གསར་པ་དང་སྔར་གྱི་གནས་ལ་རྩ་ལུང་རྙིང་པ་ཟེར་གྱི་གདའ། རྩ་དང་རོན་གཉིས་ཀ་ལུང་པ་ཁ་ནུབ་བསྟན་དུ་འདུག རྩ་ཡི་ཕུ་སྟོད་ན་གངས་དང་རྫ། བར་སྤང་ལྗོངས། སྨད་ས་རོང་དོག་ཙམ་ཅན། ཆུ་ནི་སྐྱིད་རོང་གཙང་པོར་འདྲེས་ཀྱི་འདུག རྩ་ལུང་རྙིང་པའམ་གྲོང་ཤུལ་ནས་མར་བལྟ་སར་ཨ་ཁུའི་ཁང་མལ་དུ་སྔར་ལྷ་ཁང་ཆུང་ངུ་ཡོད་པའི་ཤུལ་གྱི་གྱང་རོ་མཐོང་གི་འདུག དེར་བསླེབས་ནས་མར་བལྟ་སར་རྗེ་བཙུན་ཆེན་པོ་སྐུ་བལྟམས་པའི་གནས་ཀ་བཞི་གདུང་བརྒྱད་ཀྱི་ཤུལ་ན་སྔར་མཆོད་རྟེན་ཡོད་ཟེར་བའི་ཞིག་རོ་རྡོ་ཕུང་དང་། དེ་གཉིས་ཀྱི་བར་ན་བཤོས་ཞིང་འོར་མ་གྲུ་གསུམ་ཡང་ངོ་འཕྲོད་ངེས་སུ་འདུག་ལ་ད་ལྟའི་མིང་ཡང་ཞིང་འོར་མ་ཟུར་གསུམ་ཞེས་འབོད་ཀྱི་འདུག ཀ་བཞི་གདུང་བརྒྱད་ལྷོ་དང་ལྷག་པར་ནུབ་འགྲམ་ཆུ་ཤུལ་གྲོག་རོང་དུ་སོང་བས་ཟད་ལ་ཁད་ཀྱི་གད་ཁ་ན་འདུག་པས། ཕ་ཡུལ་དུ་ཐོན་མ་རག་པའི་མཐུ་ཆེན་མ་རྒན་ཤི། སྲིང་མོ་འཁྱམས་པའི་རྣམ་ཐར་དྲན་ཏེ་ཡིད་སྐྱོ་ཞིང་། དངུལ་སྒོར་གྱི་བམ་ཁ་བགྲང་ཞིང་ཟ་འོག་གི་འབོལ་གདན་དགུ་བརྩེགས་སུ་འགྱིང་བ། རིང་ལུགས་འདིའི་བསྟན་འཛིན་སྐྱེས་ཆེན་དག་གིས་གོང་མའི་མཚན་བྱང་གིས་རྒྱ་སྲང་དུ་ཁྲོམ་ར་དང་མགྲོན་ཁང་ཆེན་མོ་དག་སྐྲུན་པ་ལས་འདིར་རྡོ་རིང་ལག་ངར་ཙམ་ཞིག་མི་སློང་བ་ཅི་ཞིག་ཡིན་ནམ་སྙམ་པ་ཡང་བྱུང་། དེའི་རྒྱབ་རིའི་བྲག་ཏུ་རྐང་ཚུགས་ཕུག་བྲག་སྐྱིབས་འོག་ཞིག་རལ་ཏུ་སོང་བའི་ཁང་མིག་ཆེ་ཆུང་འགའ་དང་ཁ་ཤས་ཀྱི་ནང་དུ་མི་འཁྲུགས་པ་སོགས་སྡེབས་བྲིས་ཀྱང་མང་དུ་འདུག བཞུགས་མཁན་གྱི་མཚམས་པ་དང་། ཉེ་སར་ཆུ་མི་འདུག་མོད་རྫི་བོའམ་མཇལ་སྐོར་བས་ཇ་སྐོལ་བའི་ཤུལ་སུམ་ཐབ་དང་། རྫ་ཡི་ཀོང་བུར་བཟོས་པའི་མར་མེ་ཡང་རེ་ཟུང་འདུག དེ་ཉིན་ང་ཚོས་རྫོང་དགའ་ནས་རྩ་ལུང་གསར་པའི་བར་རླངས་འཁོར་བཏང་། དེ་ནས་རྐང་ཐང་དུ་ལ་བརྒལ་ཏེ་སོང་། གནས་དང་སྒྲུབ་ཕུག་རྣམས་སུ་ངུ་ངག་གིས་གྱེར་བའི་གསོལ་འདེབས་དང་སྨོན་ལམ་རེ་བྱས། པར་རེ་ཡང་བླངས་པས་ཉི་མ་དམར་ཐག་ཆོད་དུས་སླར་རྩ་ལུང་གསར་པར་འབྱོར། འདི་སྐབས་གནས་འདི་རོན་ཕུ་ཡིན་ཞིང་འོད་གསལ་ཕུག་ལུང་པ་འདིའི་ཕུར་ཡོད་པ་རྩད་ཆོད་ཀྱང་། ལྷན་དུ་རྫོང་དགའི་སྤྱི་བདེ་དང་ཆོས་དོན་གྱི་འགོ་ཁྲིད་དག་ཡོད་པས་དེ་ནུབ་རྫོང་ཐོག་ཏུ་འཁོར་ངེས་དགོས་སྟབས་འོད་གསལ་ཕུག་ཏུ་མ་བསླེབས། བྲག་དཀར་རྟ་སོ་ནི། ཡང་རྫོང་དགའ་ནས་བྲག་དཀར་དགོན་པ་ཞེས་དྲིས་ཏེ། མར་སྐྱིད་གྲོང་དུ་འགྲོ་བའི་གཞུང་ལམ་བརྒྱུད་དེ་སོང་ན་ཆུ་བོའི་ནུབ་ཕྱོགས་སུ་རྡོ་དཀར་ལྕུག་དཀྲིས་ཅན་གྱི་བྲག་རི་ཁམ་པའི་རྩེ་སྟོད་ཙམ་ན་ལྷ་ཁང་དཀར་པོ་ཡོད་པ་དེ་ཡིན། དེར་བཙུན་མ་བཅུ་གཉིས་ཙམ་ཅན་གྱི་འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་དགོན་ཞིག་འདུག ངེད་ཚོས་བྲག་དཀར་གྱི་ཕུག་པ་དང་། རྟ་སོའི་ཕུག་པ། དབུ་མ་རྫོང་བཅས་སོ་སོར་མཇལ། ཚོགས་མཆོད་དང་གསོལ་འདེབས་སྨོན་ལམ་ཤེས་ཚོད་རེ་ཡང་བྱས། སྤྱིར་གུང་ཐང་ལ་དང་། མ་ལ་སོགས་ལ་ཁ་མཐོ་ས་ནས་མཇལ་དུས་རི་འདི་དེ་འདྲ་མཐོན་པོ་མིན་ཡང་གནས་མདུན་ནས་ཡར་མཇལ་ཞིང་། ལྷག་ཏུ་སྒྲུབ་ཕུག་ཁག་ལ་བསླེབས་དུས་རི་བོ་མཐོ་ལ་མདུན་གྱི་མཐོང་ལམ་ཡངས་པ། ཤིང་སྣ་དང་ཆུ་མིག་ཕྱུག་པ། ཟྭ་ཡི་སྐྱེ་སྟོབས་ཆེ་བ། རི་ངོས་གཟར་ཞིང་རྫ་ཤལ་བགྲོད་དཀའ་བ་བཅས་ཀྱིས། རྗེ་བཙུན་གྱི་སྒྲུབ་ཚུགས་དང་། རྫ་སྣོད་རྦབ་ཏུ་ཤོར་བ། མདུན་གྱི་རིར་ཕན་ཚུན་འཕུར་ཚུལ་སོགས་རྣམ་ཐར་རྣམས་མིག་དང་ཡིད་ངོར་མངོན་སུམ་བཞིན་དུ་འཆར་ཡོང་ཞིང་། རྣམ་ཀུན་སྒྲུབ་གནས་རྣམས་མཇལ་རེས་སྐོམ་པ་ཆུ་འདོད་ལྟར་གདུང་བའི་ཡིད་ཀྱང་རེ་ཞིག་དགའ་བདེས་སིམ་སྟེ་གནས་དང་ཁ་བྲལ་སྙིང་མི་འདོད་པ་ཞིག་དང་། སྔར་གྱི་གྲུབ་ཐོབ་རི་པ་དག་གི་སྒྲུབ་སྤྱིལ་གྱི་ཤུལ་ཡང་གྲངས་མང་ལ་རྒྱ་ཆེ་བ་འདུག དེར་བཞུགས་པའི་སྐལ་པ་བཟང་པོ་ཅན་གྱི་བཙུན་མ་རྣམས་ཀྱིས་བླ་ཆེན་ག་གེ་མོའི་གྲུབ་ཆུ་དང་ཕྱག་ཞབས་ཀྱི་རྗེས་སོགས་ཡོད་ཚུལ་གསུངས་ཀྱང། ངེད་ཚོས་མཇལ་འདོད་ཅིང་མི་ཕྱེད་དད་བརྒྱའི་ཡུལ་ནི་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཕོ་རྒོད་མི་ལ་རས་པའི་སྒྲུབ་གནས་དག་ཡིན་ལ། ཁོང་རྣམས་ཀྱིས་ཞིམ་དགུའི་བཟའ་བཏུང་གི་གནང་སྦྱིན་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུའོ། ། སྨིག་ཁྱུག་གྲིབ་མ་རྫོང་ནི། བྲག་དཀར་རྟ་སོའི་མདུན་གྱི་སྲིབ་རིའི་བྲག་འདབས་སུ་སྒྲུབ་ཕུག་ནགས་ཚལ་གྱིས་བསྐོར་བ་རྫོང་དགའ་ནས་མར་ཡོང་སྐབས་བྲག་དཀར་རྟ་སོའི་མདུན་དུ་མ་བསླེབས་ཙམ་ནས་རྒྱང་མཇལ་ཐུབ་པ་དེ་ཡིན་འདུག རི་དེ་གཉིས་ཀྱི་བར་དུ་གློང་མདའ་རུ་ཡུལ་ཚོ་དང་ཞིང་མི་འདུག་ཀྱང་ས་གནས་ངོས་ཟིན་ཞིང་ད་ལྟའི་མིང་ཡང་གློང་མདའ་རུ་འབོད་ཀྱིན་གདའ། ལིང་པ་བྲག་ནི། ང་ཚོ་བྲག་དཀར་གྱི་མན་ཆད་དུ་བཏང་མ་སོང་བས་སླར་ལྡོག་པའི་ལམ་ནས་རྫོང་དགར་མ་སླེབ་ཙམ་ན་གཞུང་ལམ་ནུབ་ཕྱོགས་ཉིན་གྱི་བྲག་དམར་དེ་ལིང་པ་བྲག་ཡིན་པ་དང་རྗེ་བཙུན་གྱིས་བྲག་སྲིན་བཏུལ་བའི་རྣམ་ཐར་ཡང་ལམ་འགྲུལ་པས་ཤོད་ཐུབ་ཀྱི་འདུག ར་ལའི་ཟ་འོག་ཕུག་ནི། རྫོང་དགའི་བྱང་ཤར་ཐག་ཉེ་ཞིང་འཁོར་ལམ་ཡང་མདའ་རྒྱང་ལྷག་ཙམ་གྱི་བར་དུ་འདུག ཕྱུགས་རྫིར་ས་མིང་དྲིས་པས་ར་ལའི་ལུང་པ་ཡིན། བུ་རས་ཆུང་པའི་སྒྲུབ་ཕུག་ཡོད་ཟེར་ཏེ་ཡུལ་མི་ཀུན་གྱིས་ཤེས། ཟ་འོག་ཕུག་གི་འགྲམ་དུ་ཆུ་ཕྲན་རྒྱུན་འབབ་དང་ཟྭ་མང་དུ་སྐྱེས་པ། ཕུག་པ་གོང་འོག་གཉིས་ཡོད་པའི་གོང་མར་རྡོ་སྐས་ལ་འཛེགས་ནས་འགྲོ་དགོས་ཤིང་རྙིང་རལ་དུ་སོང་བའི་ལྷ་ཁང་དང་སྒྲུབ་སྤྱིལ་གྱི་རྩིག་ངོས་སུ་རྗེ་བཙུན་གྱི་རྣམ་ཐར་སོགས་ལོགས་བྲིས་ཀྱིས་ཁེངས། གནས་འཛིན་གྱི་སྒྲུབ་པོ་མེད་ཀྱང་མཁར་གྲོང་དང་ཐག་ཉེ་བས་མཇལ་སྐོར་དུ་འགྲོ་མཁན་མང་ཙམ་ཡོད་པ་འདྲ། གོང་གི་སྒྲུབ་གནས་རྣམས་མཇལ་ཐུབ་པ་ནི་དེ་གའི་ཆོས་དོན་དང་སྤྱི་བདེ་ལས་ཁུངས་ཀྱི་དབུ་ཁྲིད་བོད་རིགས་དག་གི་བཀའ་དྲིན་ཁོ་ན་ཡིན་ཏེ་ཁོང་ཚོས་འགན་ཚང་མ་ཁུར་ནས་སྣེ་ཤན་གྱི་ཚུལ་དུ་ཡོང་སྟེ་མཉམ་མཇལ་བྱས་པ་ལས་གང་བྱུང་དུ་འགྲོ་ཐུབ་ཀྱི་མི་གདའ་བས་ཁོང་རྣམ་པར་ཡང་སྙིང་ནས་ཐུགས་རྗེ་ཆེ་ཞུ། ད་དུང་མཇལ་མ་ཐུབ་པ་རྫོང་དགའི་ནུབ་ཕྱོགས་ན་ཀུ་ཐང་གི་ཕུག་རོན་ཕུག་དང་། བྲག་སྐྱ་རྡོ་རྗེ་རྫོང་། བྲག་དཀར་རྟ་སོ་ནས་མར་སྐྱིད་གྲོང་དུ་འགྲོ་སར་རག་མ་བྱང་ཆུབ་རྫོང་དང་། རྐྱང་འཕེན་ནམ་མཁའ་རྫོང་། རི་བོ་དཔལ་འབར་རྣམས་ཡོད་འདུག་ཀྱང་མཐའ་མཚམས་དང་ཉེ་བས་ང་ཚོ་ཐར་ཐབས་མ་བྱུང་ངོ་། ། གཉའ་ནང་རྫོང་ཁོངས་སུ་ཡོད་པ་ནི། ང་ཚོ་རྫོང་དགའི་བྱང་ཤར་གྱི་མ་ལ་ཟེར་བའི་ལ་མཐོན་པོར་འཁོར་ལམ་ནས་ཡོང་སྟེ་ལ་དེའི་བྱང་ཕྱོགས་སུ་བལ་བོད་གནའ་ལམ་སྟེ་གོང་ཐང་ལ་ཁ་རུ་སྔོན་གྱི་ལབ་རྩེ་རྙིང་པ་ཁང་བརྩིགས་ཙམ་དང་། ལོ་ངོ་སྟོང་གི་གནའ་ལམ་ཟེར་བའི་རྒྱ་དབྱིན་སྦྱར་མའི་བྱང་བུར་བོད་ཡིག་ནི་མི་འདུག་པས་སྤྱིར་ལ་ཁ་རེར་བསླེབས་དུས་ང་ཚོ་བོད་མིས་བསྭོ་བསྭོ་དང་མཆོད་མཆོད་སོགས་འདོད་གསོལ་གྱི་འབོད་པ་བྲག་ལ་འཁོར་སྲོལ་ཡོད་མོད། སྔོན་འཕགས་ཡུལ་གྲུབ་པའི་སློབ་དཔོན་རྣམས་དང་། བོད་ཀྱི་ལོ་ཙཱ་བ་དང་། རྗེ་འབངས་རྣམས་ཀྱིས་གངས་ལྗོངས་སུ་ཆོས་དང་རིག་གཞུང་གི་དཔལ་ཡོན་བསྐྱིལ་བའི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པར་ལྟོས་པ་མེད་པའི་དཀའ་སྤྱད་མཛད་ཚུལ་རྣམས་དྲན་པའམ། ས་བབས་མཐོ་བས་དབུགས་མི་ཐོན་པ་གང་ཡིན་ཆ་མ་འཚལ་ཡང་གྲོགས་ཀུན་མིག་ཆུ་བཞུར་གྱིན་ཁ་རོག་གེར་ཕན་ཚུན་གཅེར་འདུག དེ་ནས་ང་ཚོ་མ་ལ་ནས་ཤར་ཕྱོགས་སུ་བབས་པས་དཔལ་ཁུད་དུ་བསླེབས། དེར་ནི་དཔལ་ཁུད་མཚོ་ལྷོ་བྱང་གྲོག་སྐེད་ལ་ཤར་ནུབ་ལྷ་མཚོ་སྲིན་མཚོར་གྲགས་པ་གཡུ་ཡི་མེ་ལོང་ཕྱིས་པ་ལྟ་བུ། དཔལ་ཁུད་ཐང་ཁ་རྒྱ་ཆེ་བ། ལྷོ་ན་གངས་རི་ཤེས་བྱ་པང་མ། ཤར་ནུབ་བྱང་བཅས་རྫ་སྤང་གི་རི་བོས་ཡོངས་སུ་བསྐོར་བ། གསེག་མ་དང་། རྩ་སྔོན། གྲམ་གཞུང་སོགས་ཐང་རྒྱ་ཧ་ཅང་ཆེ་བ་དེ། རྗེ་བཙུན་གྱིས་ཐུགས་སྲས་རས་ཆུང་པར་གཡག་རྭའི་སྐོར་གྱི་རྫུ་འཕྲུལ་སྟོན་ས་དེ་ཡིན། མཚོ་ཡི་ཤར་ལྷོའི་ཕྱོགས་ཀྱི་གཞུང་ལམ་འགྲམ་དུ་སྟབས་བདེའི་མགྲོན་ཁང་ཡང་འདུག སྐྱིད་ཕུག་ཉི་མ་རྫོང་ནི། དེ་ནས་ཡུལ་མིར་དྲིས་ཏེ་སོང་བས་ལྷོ་ཕྱོགས་གངས་རིའི་འདབས་ཀྱི་གངས་ཆུའི་འགྲམ་ཁ་ཤར་ལ་འཁོར་བའི་ཁྲིབ་ངོས་སུ་སྒྲུབ་ཕུག་ཡོད། མདུན་ནས་མཇལ་བ་ལས་རི་དེ་ས་མ་རྡོ་ལས་གྲུབ་ཅིང་ངོས་ཧ་ཅང་གཟར་བས་ང་ཚོ་ཕུག་པའི་ནང་དུ་མ་བསླེབས། ཕུག་སྒོར་ཇོ་དར་སྒྲོན་འདུག་པ་དང་། ཡུལ་མིས་ཐག་འབྲེང་བརྒྱུད་བགྲོད་ཐུབ་ཅེས་ཟེར། གནས་དེར་དབྱར་གངས་ཆུ་དང་། སྔ་དྲོ་ཉི་མ་ཤར་རྒྱུ་ལས་གཞན་པའི་མཐུན་རྐྱེན་ཅི་ཡང་མི་འདུག་ང་ཚོས་རི་འདབས་བར་རླངས་འཁོར་བཏང་། དེ་ནས་རྐང་ཐང་དུ་སོང་། འགྲོ་ལམ་མི་བདེ་ཞིང་ཐག་རིང་བས་ཡུན་རིང་འགོར། གལ་ཏེ་རྐང་ཐང་དུ་འགྲོ་ན་ཞག་ཆས་ཡོད་དགོས། གླང་སྒོ་ཀླུ་བདུད་རྫོང་ནི། གཞུང་ལམ་ནས་མཚོ་ཡི་བྱང་ངོས་སུ་ཕར་བལྟ་སར་ས་སྐྱ་བོའི་ཞབས་སུ་ཆུ་མིག་ཅིག་ཡོད་དམ་སྙམ་པའི་འཁོར་རྒྱ་ཆེན་པོ་མེད་པའི་ལྗང་མདོག་ཡོད་ས་དེར་གླང་སྒོ་ཟེར་གྱི་རེད་ཅེས་ཡུལ་མིས་མཛུབ་མོ་འཛུགས་ཀྱི་འདུག དེར་ཁ་ཕྱོགས་ཏེ་ལམ་ཕྲན་བརྒྱུད་སོང་བས་མཚོ་འགྲམ་ལམ་ལྟག་ཏུ་ཁ་ལྷོ་ནུབ་ཏུ་འཁོར་བའི་བྲག་རི་སྐྱ་བོའི་ངོས་སུ་སྒྲུབ་ཕུག་རྡོ་རྩིག་གི་སྒོ་ར་ཅན་མདུན་དུ་དཔལ་ཁུད་མཚོ་ཡོན་ཆབ་བཤམ་པ་ལྟ་བུར་ལྷོ་ཕྱོགས་ཀྱི་གངས་རིའི་གཟུགས་བརྙན་ཤར་བ། ལམ་ཞབས་ཉེ་འགྲམ་དུ་ནས་ཀྱི་སྙེ་མས་ཁེབས་པའི་ཞིང་ས་གཤིན་པོ། ཆུ་མིག་དང་བཅས་པ་ཆེས་ཉམས་དགའ་བ་ཞིག་འདུག ལ་ཕུག་པདྨ་རྫོང་ནི། གླང་སྒོ་ནས་ནུབ་བྱང་དུ་འཁོར་ལམ་ཆུང་ངུ་བརྒྱུད་དེ་སོང་བས་ལ་ཕུག་གྲོང་ཚོ་རུ་བསླེབས་ཀྱི་འདུག དེར་གྲོང་མི་ཀུན་གྱིས་ལ་ཕུག་པདྨ་རྫོང་ཤེས་ཏེ་སྒྲུབ་ཕུག་གི་མིང་ལ་ཕུག་པདྨ་གནས་ཀྱི་རྫོང་ཞེས་འབོད་པ་ཞིང་གོང་གི་བྲག་གསེབ་ཏུ་གདའ། གྲོང་ལྟག་ཏུ་བོན་དགོན་ཆུང་ངུ་ཞིག་དང་གྲོང་མཐའ་མཚོ་འགྲམ་དུ་མིག་མང་རིས་སུ་ཆགས་པའི་འབྲུ་ཞིང་དང་། ཆེད་དུ་བཟོས་པ་ལྟ་བུའི་རི་ཚོམ་གྱིས་བསྐོར་བ། དབྱར་སྟོན་གྱི་དུས་མིག་ལ་ཆེས་མཛེས་ཤིང་ཡིད་ལ་སྤྲོ་བ་ཞིག་འདུག དེ་ནས་རྐང་ཐང་དུ་ཡུལ་མི་ལམ་སྟོན་དུ་ཁྲིད་དེ་སོང་ན་སྟག་ཕུག་སེང་གེ་རྫོང་ཕུག་པ་ནང་རྒྱ་ཆེ་བ་སྒོར་སེང་གེའི་གཟུགས་རིས་བརྐོས་པ་དང་། ཁྲོ་རྒྱལ་རྡོ་རྗེ་རྫོང་བྲག་ཐོའི་སྟེང་བཞུགས་མལ་ཡོད་པ། སྦས་ཕུག་མ་མོ་རྫོང་རྣམ་མགུར་དུ་གསལ་བ་ལྟར་རྫ་གསེབ་ཏུ་ཡོད་པས་རྒྱུས་ཡོད་ཀྱི་ལམ་སྟོན་མེད་ན་སྒྲུབ་ཕུག་རྙེད་དཀའ་ཙམ་འདུག རྒྱ་བྲག་ནམ་མཁའ་རྫོང་ནི། ལ་ཕུག་གྲོང་གི་ཤར་རིའི་གདོང་སྟོད་རྫ་གླིང་དུ་སྒྲུབ་ཕུག་དང་། སྔོན་གྱི་བྱ་བྲལ་རི་པའི་སྒྲུབ་སྤྱིལ་གྱི་ཤུལ་བློར་མི་ཆུད་པ་ཙམ་འདུག་པ་བཅས། འདི་རྣམས་ཚང་མ་དཔལ་ཁུད་མཚོ་དང་ལ་ཕུག་གྲོང་ཚོ་རྙེད་ན་ཤེས་ཀྱི་འདུག བེ་རྩེ་འདོད་ཡོན་རྫོང་ནི། དཔལ་ཁུད་ཀྱི་ཤར་མཐའ་གཞུང་ལམ་གྱི་བྱང་ཕྱོགས་ཐང་དཀྱིལ་དུ་རི་འབུར་ཞིག་གི་རྩེར་སྒྲུབ་ཕུག་ཡོད་པ་དང་། རིའི་ལྷོ་གཤམ་དུ་གྲོང་ཚོ་ཡོད་པ། ཕྱོགས་ཕྱོགས་ནས་ནེའུ་གསེང་དང་རྫིང་བུས་བསྐོར་བ་རི་མོ་མཁས་པས་བྲིས་པ་ལྟ་བུ། རི་དེའི་བྱང་ཤར་ངོས་ཀྱི་བྲག་སྟེང་དུ་རྗེ་བཙུན་གྱི་སྐུ་རྗེས་ཤིན་ཏུ་གསལ་བ་བཅས་མཇལ་རྒྱུ་འདུག གཉའ་ནང་གྲོད་པ་ཕུག་ནི། ཐོང་ལ་ནས་གཉའ་ནང་རྫོང་དུ་མ་བསླེབས་ཙམ་གྱི་བལ་བོད་གཞུང་ལམ་གཤམ་དུ་ཡོད། ལམ་འགྲམ་དེར་མི་ལ་རས་པའི་བྲག་ཕུག་ཟེར་བའི་ལམ་རྟགས་བཙུགས་འདུག་པས་འདི་ཀུན་གྱིས་ཤེས། དེར་ལྷ་ཁང་གསར་དུ་བཞེང་བཞིན་འདུག སྒྲུབ་ཕུག་གི་ནང་དུ་རྗེ་བཙུན་དང་རས་ཆུང་པས་རྫུ་འཕྲུལ་གྱིས་བཙུགས་པའི་ཕ་བོང་གི་ཀ་བ་དང་། རྡོ་ལ་རྗེ་བཙུན་གྱི་ཞབས་རྗེས་གཏིང་ཟབ་པ་མཇལ་རྒྱུ་ཡོད། དེའི་གོང་དུ་རས་ཆུང་པའི་སྒྲུབ་ཕུག་རྗེ་བཙུན་ལ་རྣམ་ཐར་ཞུ་བསྐུལ་གྱི་གཟིམ་ལམ་བྱུང་ས་དེ་ཡང་ཡོད། དིང་རི་རྫོང་ཁོངས་སུ་ཡོད་པ། ལ་སྟོད་རྒྱལ་གྱི་ཤྲཱི་ནི། ཤེལ་དཀར་ནས་དིང་རིའི་བར་གྱི་བལ་བོད་གཞུང་ལམ་བྱང་ངོས་ནས་ཤར་ནུབ་ཏུ་བསྐྱངས་པའི་རི་རྒྱུད་བྲག་རི་སྔོ་སེང་ངེ་བ་དེ་ཡིན་པ་ཞབས་དཀར་བའི་རྣམ་ཐར་དུ་གསལ་བ་ལྟར་དེང་གི་མིང་རྩིབས་རི་ཟེར་གྱི་འདུག རྒོད་ཚང་བྲག་གི་སྒྲུབ་ཕུག་རྒྱང་ནས་མཇལ་ཙམ་བྱུང་། རྐང་ཐང་མཐའ་སྐོར་དུ་འགྲོ་ན་ཉིན་ལྔ་དྲུག་ཙམ་དགོས་ཟེར། དེའི་མདུན་གྱི་ཆུ་བོ་དེ་བོང་ཆུ་ཡིན། ཆུ་མིག་དངུལ་འབུམ་ཙ་ཀོ་གྲོང་ཚོའི་ཐད་དུ་ཡོད་སྐད་ཐོས་ཀྱང་དངོས་ར་འཕྲོད་པ་ཞིག་མ་བྱུང་། ཆུ་དབར་སོགས་བལ་བོད་གཞུང་ལམ་གྱི་འགྲམ་དུ་ཆགས་པའི་གངས་དཀར་གྲོང་བརྡལ་ནས་ལྷོ་ཕྱོགས་རོང་ཤར་དུ་འགྲོ་སའི་འཁོར་ལམ་བརྒྱུད་དེ་སོང་ན་དིང་རི་དང་བྲིན་གྱི་སོ་མཚམས་སྤོ་ཟེ་ལ་དང་། དེ་ནས་མར་བབས་པས་རོང་ཤར་དུ་བསླེབས། དེ་ནས་ཆུ་དབར་དུ་ཐག་ཆེས་ཉེ་ཡང་འདིའི་མན་དུ་ང་ཚོ་མ་ཐར་བས་དིང་རིར་ཟ་ཁང་གཉེར་བའི་ཨ་མདོ་བ་ལྷ་མོ་སྐྱབས་ལ་ཆེད་དུ་བཅོལ་བས་ཆུ་དབར་དང་འབྲི་ལྕེ་ཕུག་གི་པར་མཇལ་ཙམ་བྱུང་། བལ་ཡུལ་མཆོད་རྟེན་ཁུལ་ཆུ་དབར་དགོན་གྱི་མཁན་རྒན་ཕྲིན་ལས་ཆོས་འཕེལ་ལགས་ཀྱིས་ཆུ་དབར་གྱི་ཉེ་སྐོར་འདིར་འབྲི་ལྕེ་ཕུག་དང་། བྲག་དམར་མཆོང་ལུང་། སྤོ་མཐོ། སྐྱིད་ཕུག ཤེལ་ཕུག་ཆུ་ཤིང་རྫོང་། ཁུ་བྱུག་དབེན་པ་རྫོང་སོགས་བྲིན་གྱི་གནས་རྣམས་ཡོད། ཆུ་དབར་ཟེར་དོན་ཆུ་གཉིས་ཀྱི་བར་དུ་ཡོད་པས་ཡིན། ས་མཚམས་སུ་སོང་གཤིས་སླེབ་དཀའ་བ་མ་གཏོགས་སྔོན་གྱི་ས་མིང་མ་འགྱུར་བར་ཡོད་པས་སྒྲུབ་གནས་རྣམས་ངོས་ཟིན་ངེས་སུ་ཡོད་ཅེས་གསུངས། ཁོང་མི་ཚེ་འདིར་བྲག་དཀར་རྟ་སོར་ལན་གཅིག་སླེབ་ན་འཆི་ཁར་སེམས་བདེ་བར་འདུག་ཀྱང་ད་ལོ་ན་མཐོ་ཞིང་ཕྱི་ནང་གི་རྐྱེན་པས་མི་བསླེབས་པ་འདྲ་གསུངས་སྤྱན་ཆབ་གཏོང་གི་འདུག་པར་ངས་བྲག་དཀར་རྟ་སོ་སོགས་ཀྱི་པར་ཕུལ་བས་དབུ་ཐོག་ཏུ་བཞག་སྟེ་བཤུམ་བཞིན་སྨོན་ལམ་ཡང་ཡང་བཏབས་གནང་སོང་། མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཡོད་པ། གངས་ཏི་སེ་དང་མ་ཕམ་གཡུ་མཚོ་ནི། བོད་མི་ཙམ་མ་ཟད་མི་རིགས་དང་རྒྱལ་ཁབ་མི་གཅིག་པ་མང་པོས་ཤེས་པས་མང་དུ་སྨྲ་མི་དགོས་ཀྱང་སྐོར་ལམ་དུ་མཇལ་རྒྱུ་ཡོད་པ་དག་ཟུར་ཙམ་སྨོས་ན། ཐོག་མར་མདུན་ནས་ཆོས་སྐོར་དུ་འགྲོ་བའི་ལམ་གྱི་ནུབ་རི་ཆོས་སྐུ་དགོན་པའི་གོང་ནས་ཡར་འཛེགས་སའི་རྫ་ཐེམ་དུ་རྫོང་ལུང་པདྨ་ཕུག་ཡོད། ཆེད་དུ་མ་སོང་ན་གངས་སྐོར་སྤྱིར་བཏང་བ་མི་བསླེབས། དེའི་མདུན་ཐད་རི་གཤམ་དུ་བོན་ཆུང་གི་སྒྲུབ་ཕུག་སྒོར་རྗེ་བཙུན་གྱིས་པདྨ་ཕུག་ནས་ཞབས་བརྐྱངས་ཏེ་བཞག་པའི་ཞབས་རྗེས་གསལ་བ་ཡོད། སྒྲོལ་མ་ལའི་ལ་སྟོད་སྐོར་ལམ་ནང་དུ་རྗེ་བཙུན་དང་བོན་ཆུང་གི་གྱད་རྡོ་ཐོ་བརྩེགས་སུ་ཡོད། སྒྲོལ་མ་ལ་ནས་མར་འབབ་སྐབས་ལ་སྐེད་མ་ཟིན་ཙམ་དུ་རྗེ་བཙུན་དང་བོན་ཆུང་གཉིས་ཀྱིས་ཕན་ཚུན་ཕྱག་འཐེན་སའི་ཕ་བོང་ལེབ་མོའི་སྟེང་གཉིས་ཀའི་ཞབས་རྗེས་ཡོད། ཤར་ངོས་རྫུ་འཕྲུལ་དགོན་གྱི་ལྷ་ཁང་སྦུག་ཏུ་རྫུའཕྲུལ་ཕུག་དང་རྒྱབ་ལོགས་སུ་བོན་ཆུང་གི་བཤགས་རྡོ་ཆག་པ་བཅས་འདུག སྤྱིར་རྗེ་བཙུན་གྱི་རྣམ་ཐར་དུ་གསལ་བའི་གནས་རྣམས་དང་ལྷག་པར་གངས་སྐོར་ལམ་གྱི་འདི་དག་མཇལ་ཚེ་རྗེ་བཙུན་ལ་དད་པ་དང་ཁོང་གི་རྣམ་ཐར་ལ་ངེས་ཤེས་ཐུན་མིན་འདྲོང་པ་ཞིག་ཡོད། ལྷོ་བྲག་རྫོང་ཁོངས་སུ་ཡོད་པ། མི་ལའི་སྲས་མཁར་དགུ་ཐོག་ནི། ལྷོ་ཁ་ལྷོ་བྲག་སྲས་གྲོང་སྡེ་རུ་ཡོད། འདིར་འཁོར་ལམ་དང་མགྲོན་ཁང་ཡོད་ཅིང་མཇལ་སྐོར་བ་ཡང་མང་པོ་འདུག སྲས་མཁར་གྱི་ཐོག་སོ་བདུན་མན་རྗེ་བཙུན་རང་གིས་བཞེངས་རྒྱུ་དེ་ལྷག་པ་ཡིན་འདུག་ལ་རིག་གསར་སྐབས་དམག་སྒར་གྱིས་བེད་སྤྱད་པས་མནའ་བོའི་བཟོ་སྐྲུན་ལ་འགྱུར་བ་ཆེར་མེད་པས་ཡིད་ཚིམས་པ་མཇལ་རྒྱུ་ཡོད་པ་དང་། འདིར་རྗེ་བཙུན་སྟག་ཉའི་བྲག་ཏུ་སྒོམ་ཚེ་གཟིམ་འགོག་ཆེད་དབུ་ཐོག་ཏུ་འཇོག་གནང་རྒྱུའི་རྡོ་ཡི་མཆོད་ཀོང་དེ་སོགས་ཀྱང་མཇལ་རྒྱུ་འདུག རྗེ་མར་པའི་གདན་ས་ལྷོ་གྲོ་བོ་ལུང་ནི། སྲས་མཁར་ནས་ལྷོ་ངོས་ཀྱི་རིར་འཁོར་ལམ་བརྒྱུད་འཛེགས་ན་ཡུལ་འབྲོག་གི་མཚམས་ལྟ་བུར་ཆགས་འདུག འདིར་སྔོན་གྱི་དགོན་ཤུལ་གཙང་སེལ་གྱིས་ས་གཞི་བདེ་སྙོམས་མཐར་ཆེས་རྒྱས་སྤྲོས་ཅན་གྱི་ལྷ་ཁང་སོགས་གསར་བཞེངས་རྒྱ་ཆེན་པོ་མཇལ་དུ་ཡོད། དེ་ནས་ལྷོ་ནུབ་ཏུ་རྐང་བགྲོད་ཀྱིས་འགྲོ་སར་དབེན་གནས་ཀྱི་ཡོན་ཏན་ཡོངས་སུ་ཚང་ཞིང་ཆེས་ཉམས་དགའ་ལ་ཤེས་པ་སྤྲོ་བ་སྟག་ཉའི་ལུང་བསྟན་ཕུག་འདུག གྲོ་བོ་ལུང་གི་གཤམ་དུ་མཐུན་རྐྱེན་ཞིང་གི་ཤུལ་དང་། བྱང་ཤར་གྱི་ཕྱོགས་སུ་ཆོས་ལ་སྒང་སོགས་མཇལ་དུ་ཡོད། རིན་སྤུངས་རྫོང་ཁོངས་སུ་ཡོད་པ། གནུབ་ཁུ་ལུང་ནི། ལྷ་ས་ནས་གཞིས་རྩེར་འགྲོ་བའི་གཞུང་ལམ་བརྒྱུད་བྱེ་བ་ཤང་ནས་ཡར་ཙམ་འགྲོ་སའི་གཙང་ཆེན་གྱི་ལྷོ་རིའི་ལུང་པར་ཁུ་ལུང་ཕུ་མདའི་གྲོང་ཚོ་ཡོད། དེར་རྗེ་བཙུན་གྱིས་མཐུ་སྒྲུབ་སའི་ཕུག་པ་དང་། ཁོང་གི་བླ་མ་ཡོན་ཏན་རྒྱ་མཚོའི་སྒྲུབ་ཕུག་བཅས་མཇལ་རྒྱུ་ཡོད་པར་ཡུལ་མི་དང་གནས་སྐོར་བས་ཕུལ་བའི་ཁ་དར་གྱི་ཕུང་པོ་སྒྲུབ་ཕུག་གི་སྒོར་སྤུངས་ཤིང་ཕུག་པའི་ནང་དུ་མཆོད་མེ་སོགས་ཕུལ་འདུག གཞུང་ལམ་དང་ཁུ་ལུང་དུ་འགྲོ་སའི་ལམ་ཕྲན་གྱེས་མཚམས་སུ་ཁུ་ལུང་མདའ་གྲོང་ཚོ་ཟེར་བའི་ཨར་འདམ་ལས་བཟོས་པའི་རྡོ་རིང་ཡང་འདུག་པས་འཚོལ་བདེ་བ་ཞིག་འདུག བལ་པོའི་ཕྱོགས་སུ་ཡོད་པ། ཡོལ་མོ་གངས་ར་ནི། མཆོད་རྟེན་བྱ་རུང་ཁ་ཤོར་ནས་ཏིམ་ཕུ་TIMBUརུ་རླངས་འཁོར་ཉིན་ཕྱེད་ཙམ་གྱི་ལམ་ཡོད། དེ་ནས་ཡུལ་མིར་སྟག་ཕུག་གམ་མི་ལ་རས་པའི་ཕུག་པ་གར་ཡོད་དྲིས་ན་ཤེས་པས་རི་སྐེད་ནགས་གསེབ་ཀྱི་ལམ་བརྒྱུད་ལུང་པའི་ཕུར་རྐང་ཐང་དུ་ཆུ་ཚོད་བཞི་ཙམ་སོང་ན་སྟག་ཕུག་སེང་གེ་རྫོང་དུ་བསླེབས། དེར་གསར་དུ་བརྒྱབ་པའི་ལྷ་ཁང་དང་། ཕྲེང་དུ་བསྟར་བའི་ཐུན་ཁང་ཡང་འདུག སྒྲུབ་ཕུག་ངོ་མའི་ནང་དུ་རྗེ་བཙུན་གྱི་འདྲ་སྐུ་རྙིང་པའི་མདུན་མཆོད་བཤམ་ཡོད་པ་ལ་མི་བདུན་བརྒྱད་ཤོང་བ་འདུག དེའི་ལྟག་ཟུར་ན་བཀའ་བརྒྱུད་པའི་ཇོ་དགོན་ཆུང་ངུ་དང་། མི་ཚང་ཁ་ཤས་ཡོད་པའི་གྲོང་ཚོ། ད་དུང་ཐད་འཕུར་གནམ་གྲུའི་འབབ་སྟེགས་བཅས་གདའ། ལུང་པའི་ཕུའི་རི་རྩེ་ན་གངས་ཕྲན་ཙམ་འདུག་པ་ལས་སྒྲུབ་ཕུག་གི་ཉེ་འཁོར་ཀུན་ཤིང་སྣ་ཕུན་སུམ་ཚོགས་པའི་ནགས་ཚལ་དུ་འདུག བལ་རྒྱལ་གྱིས་རྗེ་བཙུན་ལ་ཀ་ཤི་ཀའི་ན་བཟའ་བསྐུར་ཏེ་ཕུལ་སའི་གནས་ནི། བལ་པོའི་རྒྱལ་ས་རྙིང་པ་བྷག་ཏ་པུར་གྱི་ཉེ་སའི་རིར་བལ་ལུགས་ཀྱི་ལྷ་ཁང་དང་མཆོད་རྟེན་ཡོད་པའི་སྭ་ར་སྭ་སྟི་སི་ཐན་ཞེས་འབོད་ས་དེ་ཡིན་པའི་བཤད་སྲོལ་ཡོད་པ་དང་། གཤམ་དུ་ཁྲ་འགུ་དགོན་པའི་སྒྲུབ་ཁང་ཡང་འདུག འབྲོག་ལ་ཕྱི་གངས་ཀྱི་ར་བ་ནི། བལ་པོའི་རྒྱལ་ས་ཀ་ཐ་མན་དྲུའི་རླངས་འཁོར་ས་ཚིགས་ནས་ཞོགས་པའི་དུས་ཚོད་ལྔ་པ་ཙམ་ན་འགྲུལ་འཁོར་དུ་བསྡད་དེ་སོང་བས་དགུང་མོ་ཤིང་ཀར་ཏྲིSINGHATIལ་བསླེབས། དེ་ནས་མཚོ་གཤམ་LAMABAGAR བར་དུ་རྐང་བགྲོད་ཉིན་ལམ་རིང་པོ་གཅིག་འདུག་པར་འཁོར་ལམ་དང་ཟམ་པ་བཟོ་བཞིན་འདུག དེ་ནས་ལུམ་མ་ནག་མོར་LOMNANGརྐང་ཐང་ཉིན་ལམ་གཅིག་སྟེ་འདི་ཉིན་ལམ་ཁའི་ཆུ་འགྲམ་དུ་སྙན་གཡོན་ཕུག་མཇལ་རྒྱུ་ཡོད། དེ་ནས་ལ་ཕྱི་གནས་མཐིལ་ཆོས་ར་དགོན་དུ་ཉིན་ལམ་གཅིག་བཅས་འགྲོ་དགོས་པར་འདུག ལ་ཕྱི་འདི་དེང་སྐབས་བལ་པོའི་མངའ་ཁོངས་སུ་སོང་བས་གོང་གསལ་གྱི་ལམ་དག་བརྒྱུད་དགོས་པ་ཡིན། གལ་སྲིད་གཉའ་ནང་ངམ་ཡང་ན་ཆུ་དབར་ནས་འགྲོ་ཆོག་པའི་དབང་དུ་བཏང་ན་དེ་འདྲའི་ལམ་ཐག་རིང་པོ་མེད་དེ། ལ་ཕྱི་གནས་ཀྱི་གཡས་གཡོན་ནས་ལུང་པ་གཉིས་མདུན་དུ་འདུས་པའི་མདོར་ཆོས་ར་དགོན་དང་། བདུད་འདུལ་ཕུག་མོ་ཆེ་འདུག་ལ་གཡས་གཡོན་གྱི་ལུང་ཕུའི་ལ་གཉིས་གཉའ་ནང་དང་ཆུ་དབར་གྱི་ཕྱོགས་སུ་ཟུག་འདུག དེ་ཡང་རྗེ་བཙུན་ཆེན་པོས། བྲིན་གཉའ་ནང་གི་འགྲིམ་འགྲུལ་ཁ་བས་བཅད། །གསུངས་པས་ཀྱང་ཤེས་ཀྱི་འདུག འོན་ཀྱང་འདི་ཕྱོགས་ཀྱི་གནས་རྣམས་སུ་འགྲོ་ལམ་ཀྱག་ཀྱོག་དང་ལམ་ཐག་རིང་བ་ཙམ་ལས་གཞན་པའི་འགོག་རྐྱེན་ཅི་ཡང་མེད་པས་མཇལ་ཐུབ་ངེས་སུ་ཡོད། ཆོས་ར་དགོན་གྱི་རྒྱབ་ལོགས་ནས་ཐག་མི་རིང་པར་བདུད་འདུལ་ཕུག་མོ་ཆེ་ཕུག་སྒོར་ལྷ་ཁང་གསར་བཞེངས་ཅན་ནང་གི་སྒྲུབ་ཕུག་སྒྱུར་བཟོ་ཅི་ཡང་མེད་པར་རང་སོར་བཞག་པ་རྗེ་བཙུན་ཆེན་པོ་ད་ལྟ་རང་བཞེངས་སོང་བ་མིན་ནམ་སྙམ་པ་བློ་བདེ་བ་མཇལ་རྒྱུ་འདུག དེའི་གོང་གི་རི་གདོང་དུ་བར་ཕུག་ཅེས་ཕུག་པའི་ཀླད་དུ་རྗེ་བཙུན་གྱི་ཞབས་རྗེས་ཡོད་པ་དང་། དེའི་ཡང་གོང་གི་མཐོ་སར་བྲག་སྟེང་དུ་ཞབས་རྗེས་དང་། ཟེ་ཕུག་ཅེས་ད་ལྟ་མི་བགྲོད་མི་ཐུབ་ས་རེ་ཡང་སྟོན་རྒྱུ་འདུག དེ་ནས་གཡས་ལུང་དུ་རིམ་གྱིས་སོང་ན་རྗེ་བཙུན་གསའ་ལ་སྤྲུལ་སའི་ཕ་བོང་དང་། ལ་དགུ་ལུང་དགུ། རམ་ལྡིངས་གནམ་ཕུག་བཅས་མཇལ་རྒྱུ་གདའ། རམ་ལྡིངས་ནི་ས་བབས་མཐོ་ལ་གྲང་ངར་དང་ཁ་བ་ཆེ་ས་རེད་འདུག ང་རང་སྤྱི་ཟླ་གསུམ་པའི་ཚེས་བཞི་ཉིན་འདིར་བསླེབས་སྐབས་ལམ་དུ་ཁ་བ་ཆེ་ཙམ་འདུག འདི་ལོ་དགུན་ཁ་བ་ཆེན་པོ་མ་བབས་པ་ཡིན་མ་གཏོགས་སྤྱི་ཟླ་བཞི་པ་ཙམ་ལས་ལ་ཕྱི་ལ་འགྲོ་བའི་ལམ་མི་བྱེ་ཟེར། དབྱར་འདི་ནས་ད་དུང་ཡར་ལ་སོང་ན་དམུ་རྫིང་དང་ཆུ་བཟང་དུ་བསླེབ་ཀྱང་མཐའ་སྲུང་གི་རྒྱ་དམག་དང་འཕྲད་ཉེན་ཡོད་ཅེས་ཟེར། རྗེ་བཙུན་གྱིས་ཤྭ་གྲོལ་ཁྱི་གྲོལ་གྱི་མཛད་པ་སྟོན་ས་གཉི་ཤང་འགུར་རྟ་ནི། བལ་པོའི་རྒྱལ་ས་ཀ་ཐ་མན་དྲུ་ནས་སྤོག་ར་རུ་འགྲོ་དགོས། འདི་ན་དབྱར་དུས་གནམ་དྭངས་སྐབས་གནམ་གྲུ་ཆུང་ངུ་དེའི་རིགས་ཡོད་པས་རྨ་ནང་ངམ་འོམ་རེ་ཞེས་པར་གནམ་ཐང་ཡོད་སར་འཕུར་ཆོག དེ་ནས་རྐང་ཐང་དུ་བྲག་དཀར་ལ་འགྲོ་ཞིང་དེའི་ཐད་སོར་འགུར་རྟ་ཡོད་པ་རྗེ་བཙུན་གྱི་རྣམ་ཐར་ནང་གསལ་བའི་གནས་བཤད་དེ་ཁ་སང་རང་བྲིས་པ་ལྟ་བུར་མཐུན་གྱི་འདུག རི་འདབས་སུ་ཁྱི་ར་བ་མགོན་པོ་རྡོ་རྗེའི་ཁང་མལ་འགྲམ་དུ་ཤིང་སྡོང་ཆེན་པོ་ཡོད་པ་ཞིག་དང་། དེ་ནས་རིར་འཛེགས་ཏེ་སོང་བས་ནགས་ཚལ་ཟད་དེ་གཡའ་སྤང་འདྲེས་སའི་གངས་འདབས་ཀྱི་བྲག་དཀྱིལ་དུ་མགོན་པོ་རྡོ་རྗེའི་གཞུ་རྒྱང་ནས་མཇལ་ཐུབ་པ་འདུག གནས་འདིར་སྒྲུབ་ཕུག་གི་ཤུལ་འདི་རེད་ཟེར་བ་མི་འདུག་ཀྱང་མིས་གསར་དུ་བཅོས་པའི་བྲག་ཕུག་ཏུ་རྡོ་ཀ་མ་རུ་པ་ལ་བཞེངས་པའི་རྗེ་བཙུན་གྱི་སྐུ་ཐོག་ཚད་ཙམ་ལ་མགོན་པོ་རྡོ་རྗེ་ཤྭ་ཁྱི་བཅས་ཀྱིས་བསྐོར་བ་སྒྲོས་ལེགས་པ། དེའི་མཁྲིས་སུ་རྡོ་རྩིག་གི་ལྷ་ཁང་ཆུང་ངུ་དང་ཐུན་ཁང་བཅས་འདུག ནམ་ཟླ་དབྱར་གྱི་དུས་སུ་རི་ཁྲོད་འདིར་བཞུགས་ན་ཆེས་སྐྱིད་དུ་ཚོར་བ་ཡོད་ཟེར། སྤོག་ར་ནས་གལ་སྲིད་གནམ་གྲུར་སྟབས་མ་ཁེལ་ན་སྔ་མོར་སོང་ན་ཤེ་ངན་ཟེར་སའི་བར་འཁོར་ལམ་ཡོད་པར་མགྲོན་འཁོར་གསུམ་ཙམ་བརྗེས་པས་ཕྱི་དྲོར་བསླེབ་ཀྱི་འདུག་ཀྱང་རྒྱུས་ཡོད་ཀྱི་གྲོགས་མེད་ན་དཀའ་བར་གདའ། འདིའི་ཡན་འཁོར་ལམ་མེད། རྐང་ཐང་དུ་སོང་ན་དེ་ནུབ་རྫ་དཀར་དུ་བསླེབ། དེ་ནས་ཀོ་ཏོ་རུ་ཉིན་གཅིག དེ་ནས་བྲག་དཀར་ལ་ཉིན་གཅིག་བཅས་དགོས་ཀྱི་འདུག ཤེ་ངན་ནས་བྲག་དཀར་བར་གྱི་ས་ཚུགས་རྣམས་སུ་མགྲོན་ཁང་གམ་གཙང་དང་། ལམ་ཁར་ཇ་ཁང་སོགས་ཆེས་སྟབས་བདེ་བར་གདའ། རི་ཆུ་ནགས་ཚལ་གྱི་བཀོད་པས་མིག་དབང་འཕྲོག་ཅིང་། སྐྲ་དང་མིག་གི་ཁ་དོག་སྣ་ཚོགས་པའི་ཕྱི་གླིང་གི་ཡུལ་སྐོར་གངས་འཛེགས་པ་དག་ཀྱང་ལམ་ཁ་ནས་རྒྱུན་ཆད་པ་མི་འདུག་གོ། ། རྗེ་བཙུན་མཆོག་གིས་ཁོང་གི་མཚན་ཙམ་ཐོས་པ་ལ་དད་པ་སྐྱེས་པ་ཡང་སྐྱེ་བ་བདུན་དུ་ངན་འགྲོར་མི་ལྟུང་ཞེས་བསླུ་མེད་བདེན་པའི་ཚིག་གིས་ཞལ་བཞེས་གནང་བས་ཁོང་གི་སྒྲུབ་བརྒྱུད་ལ་ཞུགས་ཏེ་ངེས་དོན་ཕྱག་རྒྱ་ཆེན་པོ་དང་། ཟབ་ལམ་ན་རོའི་ཆོས་དྲུག་གི་ཉམས་ལེན་ལ་འབད་ནུས་ན་ཚེ་འདིར་འཚང་རྒྱ་བ་ལ་ཐེ་ཚོམ་ཅི་ཡོད། དེ་ཙམ་མ་ནུས་ན་ཡང་ཁོང་དང་ཁོང་གི་བརྒྱུད་པའི་ཆེ་བ་ཤེས་པའི་སྒོ་ནས་རྣམ་ཐར་འཆད་ཉན་དང་། འབྲི་ཀློག་བགྱིས་པའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་རྗེ་བཙུན་ཉིད་ཀྱི་གསུང་མགུར་དུ་གསལ། དེ་ལྟ་ནའང་དམན་པ་བདག་ལ་རྗེ་བཙུན་ཆེན་པོར་མི་ཕྱེད་པའི་དད་པ་གཙང་མ་ཞིག་ལས་གཞན་པའི་བསྐྱེད་རྫོགས་ཀྱི་ཉམས་ལེན་དབེན་ཞིང་། རྗེ་བཙུན་ཆེན་པོའི་ཐུན་མིན་གྱི་རྣམ་ཐར་དང་། གསང་གསུམ་གྱི་ཡོན་ཏན། ལྷག་པར་གཞལ་དུ་མེད་པའི་དཀའ་སྤྱད་ཀྱི་ཐུགས་རུས་དྲག་པོའི་ཆ་ཡི་ཆ་ཙམ་ཡང་ངག་དང་ཡི་གེའི་ལམ་ནས་བརྗོད་པར་མི་ནུས་སོ། ། དེས་ན་བདག་འདྲའི་སོ་སྐྱེ་ཕལ་པའི་སྣང་ངོར་ཁོང་སྐུ་བལྟམས་ས་སོགས་ཀྱི་གནས་རྣམས་གང་དུ་ཡོད་པ་དང་ཇི་ལྟར་འགྲོ་དགོས་ཚུལ་བཅས་མདོར་བསྡུས་ཙམ་སྨྲས་པ་འདི་ཡང་ལོ་རྒྱུས་སམ་གནས་ཡིག ཡང་ན་དཔྱད་རྩོམ་སོགས་ཅི་ཡང་མིན་པར་རང་ཉིད་མཇལ་སྐོར་དུ་སོང་བའི་མཐོང་ཐོས་རྣམས་རང་དང་སྐལ་མཉམ་ཚོར་ཁ་བརྡའི་རྣམ་པར་ཕུལ་བ་ཙམ་ཡིན། འདིར་སྒྲུབ་གནས་ཆ་ཚང་འགོད་མ་ཐུབ་ཅིང་ཁ་མི་གསལ་བ། བརྗོད་པ་མ་དག་པ་སོགས་ཤེས་འཇོན་གྱིས་མ་འདང་ས་ཀུན་ལྷག་བསམ་དང་མཁྱེན་རྒྱ་ཡངས་པའི་ཀློག་མཁན་རྣམས་ལ་བཟོད་གསོལ་དང་། ད་དུང་སྒྲུབ་གནས་གཞན་གྱི་ལམ་ཡིག་རེ་འདོན་སྤེལ་ཡོང་བའི་རེ་བསྐུལ་ཀྱང་སྙིང་ནས་ཞུའོ། ། སྨྲས་པ། མི་ཡི་རྟེན་ལ་འབད་པ་ལྷུར་བླངས་པས། ། མི་མིན་ཡེ་ཤེས་ཆེན་པོའི་སྐུ་གྲུབ་པ། ། མི་ལ་རས་པའི་སྒྲུབ་གནས་བྱིན་རླབས་ཅན། ། མི་ཡི་ཡུལ་དུ་ད་དུང་ལྷམ་མེར་གསལ། ། ལས་རླུང་དྲག་པོས་བདག་ཅག་བྱིའུ་ཆུང་ནི། ། ངན་སོང་འཁོར་བའི་གཅོང་རོང་མ་འགྲིམ་གོང་། ། གྲུབ་མཆོག་མི་ལའི་སྒྲུབ་གནས་མཇལ་ཐུབ་ན། ། བདེ་འགྲོར་སྐྱེ་བའི་སྨོན་ལམ་ཞལ་བཞེས་བདོག ། འདིར་འབད་དགེ་བ་བདུད་རྩིའི་རྗེས་འགྲོ་བ། ། མཐའ་ཡས་སེམས་ཅན་རྣམས་ལ་ཐུན་མོང་དུ། ། བྱིན་པས་ཀུན་ཀྱང་འཆི་བ་མེད་པའི་དཔལ། ། རྗེ་བཙུན་མི་ལའི་གོ་འཕང་མྱུར་ཐོབ་ཤོག ། ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་མཁན་བསོད་ནམས་ཆོས་དབྱིངས་ལགས་ཀྱིས། ཡོངས་གྲགས་སུ་རྗེ་བཙུན་ཆེན་པོ་ཞི་བར་གཤེགས་ནས་མི་ལོ་ ༨༨༨ ལོན་པའི་རྗེས་དྲན་དུ། མི་ལ་རས་པའི་སྙིང་རུས། ཞེས་པའི་ཆེད་དེབ་ནང་དུ་འགོད་བྱ་ཁ་གསལ་གོ་བདེ་ཞིག་དགོས་པའི་བསྐུལ་མ་གནང་བ་བཞིན། སྐྱོ་བྲག་དཔའ་བརྟན་གྱིས། མདོ་སྟོད་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་སྐྱོ་བྲག་དགོན་ཕུན་ཚོགས་ཐུབ་བསྟན་དར་རྒྱས་གླིང་དུ་ལྕགས་ཡོས་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གྲུབ་པར་བྱས་པ་ལ། སླར་ཡང་ཤར་མི་ཉག་འབོ་གངས་དཀར་དགོན་གྱི་མཁན་པོ་ཐེག་མཆོག་བསྟན་འཛིན་ལགས་ནས། ཕྱི་ལོ་ ༢༠༡༤ ལོར་ཐོས་པ་དགའི་བརྙན་དེབ་དཔར་ཐེངས་གཉིས་པའི་བདག་རྐྱེན་གནང་བ་ན་ལྷན་ཐབས་སུ་འགོད་བྱར་ལེགས་བཅོས་བགྱིས་པ་དགེ་བར་གྱུར་ཅིག། །།
གསང་བ་འདུས་པའི་སྨིན་གྲོལ་རྒྱུན།
རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་སྨིན་གྲོལ་གྱི་རྒྱུན། དིང་གི་དུས་སུ་བཀའ་བརྒྱུད་པ་ལ་མེད་རབས་ཅོལ་ཆུང་འགའ་རེས་བཤད་པ་ནི། རང་ཉིད་ཀྱི་སྐལ་བ་དམན་པའི་མཐོང་སྣང་ཙམ་སྟེ། གང་ཟག་གཞན་པའི་ཞུ་གནང་གི་ལོ་རྒྱུས་བསྙད་པ་ཙམ་མིན་པར། ཕྲན་གྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་བླ་བརྒྱུད་ཙམ་ཞུས་ནའང་། བཀའ་བརྒྱུད་རིན་པོ་ཆེའི་བསྟན་འཛིན་སྐྱེས་ཆེན་རྣམས་ཙམ་མ་ཟད། རྗེས་འཇུག་ཐ་མ་བ་དག་ལའང་གསང་འདུས་ཀྱི་སྨིན་གྲོལ་གྱི་རྒྱུན་ཡོད་མེད་ཤེས་པར་འགྱུར་བས་ན། རྒྱལ་བ་རྡོ་རྗེ་འཆང་ནས་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་དང་། དེ་ནས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་བར་དུ་བླ་མ་བརྒྱུད་པའི་རིམ་པ་ལས་ཇི་ལྟར་བྱུང་བ་བཀའ་བརྒྱུད་སྔགས་མཛོད་ཀྱི་བརྒྱུད་ཡིག་ཏུ་ཕྲེང་བ་སྐོར་ཕུད་ཀྱིས་བྲིས་ཡོད། འཇམ་མགོན་བློ་གྲོས་མཐའ་ཡས་ནས་རིམ་པར། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། ཀརྨ་པ་རིག་པའི་རྡོ་རྗེ་དང་། ཁོང་གིས་འབྲས་ལྗོངས་རུམ་བཏེག་དང་བལ་ཡུལ་རྒྱལ་ས་དག་ཏུ་ཐེངས་རེ་གནང་བ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་གསན། ཁོང་གིས་རྡོ་རྗེ་གླིང་མི་རིག་འབོ་དཀར་དགོན་པ་དང་། འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་དག་ཏུ་གནང་བའི་སྨིན་གྲོལ་གྱི་ཡིག་སྣ། བསྐྱེད་རིམ་དང་འབྲེལ་བ་དྲུག །རྫོགས་རིམ་དང་འབྲེལ་བ་བཞི་སྟེ་ཆོས་ཚན་བཅུ་འདུག་པ་ཆ་ཚང་བ་ཁོ་བོས་ཀྱང་ཐོབ་པ་ཡིན་ནོ། ། སྨིན་གྲོལ་གྱི་རྒྱུན་ཡོད་པ་ཙམ་དུ་མ་ཟད། གསང་བ་འདུས་པའི་སྒྲུབ་མཆོད་ཚོགས་པའི་ཕྱག་ལེན་གྱི་རྒྱུན་ཡང་ཡོད་ལ། ནཱ་རོ་ཆོས་དྲུག་གི་ཉམས་ལེན་དང་མངོན་རྟོགས་ཅན་ཡོད་པས་ན་གསང་བ་འདུས་པའི་ཉམས་རྟོགས་ཅན་ཡང་དོན་གྱིས་ཡོད་པར་འགྱུར་བ་སྟེ། ཤེས་བྱ་ཀུན་ཁྱབ་ལས། ཐབས་ལམ་ནཱ་རོ་ཆོས་དྲུག་ཏུ་གྲགས་པ་ཉིད་འཆད་པའི་སྐབས་སུ་བབས་པ་སྟེ། འདི་ཉིད་རྒྱུད་སྡེ་གང་ལ་བརྟེན་པའི་རྫོགས་རིམ་ཡིན་ཞེ་ན། བླ་མ་གོང་མ་རྣམས་ཀྱིས། གདམས་པ་འདི་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ལ་བརྟེན་ནོ། །ཞེས་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པ་ལ་བརྟེན་པར་གསུངས་པ་ནི་རགས་པ་ཙམ་སྟེ། དོན་དུ་ན་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་དང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་པ་ཡིན་ཏེ། གསང་བ་འདུས་པ་སོགས་ཕ་རྒྱུད་སྐོར་ནས་རླུང་གི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། སྒྱུ་ལུས་འོད་གསལ་དང་བཅས་པའི་གདམས་པ་གསལ་བར་གསུངས་པ་དང༌། མ་རྒྱུད་བདེ་དགྱེས་སྐོར་ནས་རྩ་དང་ཐིག་ལེའི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། གཏུམ་མོ་ལས་རྒྱ་དང་བཅས་པའི་རྣལ་འབྱོར་གསལ་བར་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་སོགས་ནས་རྨི་ལམ་དང་བར་དོ། སཾ་ཊ་དང་གདན་བཞི་སོགས་ནས་འཕོ་བའི་གདམས་ངག་རྣམས་གསལ་བར་གསུངས་ཤིང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་རྩ་བ་དང་བསྡུས་པའི་རྒྱུད་སེམས་འགྲེལ་སྐོར་དང་བཅས་པར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་དང་གཏུམ་མོ་ལས་རྒྱ་སོགས་ཀྱི་རྣལ་འབྱོར་ཤིན་ཏུ་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །ཞེས་རྗེ་མི་བསྐྱོད་ཡབ་སྲས་རྣམས་བཞེད་དོ། །ཞེས་གསུངས་པ་ལས་ཤེས་པའི་ཕྱིར་རོ། །
བུ་འཇོན་ཐང་ཅན་ཞིག་སྐྱེས་ནས་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན།
ཁ་བརྡ་ལས་སྤོབས་པ་མཐའ་ཡས། དེ་ཡང་བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཚོང་ལས་པ། འགྲན་ཟླ་བྲལ་བའི་ཁང་བཟོ་འཆར་འགོད་པ། ས་བདག་ཞིང་ཕྱུགས་ཀྱི་མ་རྩ་གསོག་གཉེར་བ་ཆེན་པོ། འགྲུལ་བཞུད་པ་དང་འཚོལ་ཞིབ་པ་གྲགས་ཅན། ངལ་རྩོལ་བའི་དཔེ་སྟོན་དབུ་ཁྲིད་ངོ་མཚར་ཅན་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཉིད་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འདས་ཟིན། དམ་པ་འདི་ཉིད་ཀྱིས་ཞལ་བཀོད་བཞིན་བཞེངས་པའི་ལྷོ་བྲག་སྲས་མཁར་དགུ་ཐོག་ནི་བོད་རང་གི་མཁར་བཞེངས་སྲོལ་བཞིན་བཞེངས་ཡོད་ལ་ཐོག་བརྩེགས་དགུ་ཡོད་པ་ཞིག་ཡིན། དེ་ནི་དེང་དུས་སུ་ཡང་སྔར་གྱི་བཟོ་བཀོད་མ་ཉམས་པར་མཇལ་དུ་ཡོད། བོད་ལྷོ་བྲག་ཁུལ་གྱི་ས་གནས་ལ་ལར་ཤིང་ཆ་འབེལ་བོ་ཡོད་མོད་གྲོ་བོ་ལུང་ནི་ས་སྐམ་འབྲོག་སྟོང་ལྟ་བུ་ཞིག་ཡིན་པས་ཤིང་ཆའི་ཐོན་ཁུངས་ཀྱང་ཐག་ཉེར་མེད་པས་མཁར་ཆེན་པོ་དེ་འདྲ་ཞིག་གི་རྨང་བཏིངས་ནས་ཐོག་འགེབས་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ལྷག་པར་ཡང་དམ་པ་འདི་ཉིད་ནི་ཁང་བཟོའི་སྤུས་ཀ་ལ་དང་དོད་བྱེད་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་མཁར་ཆེན་འདི་ཉིད་སྲ་བརྟན་བརྗིད་ཆགས་དང་བཟོ་དབྱིབས་གསར་བཏོད་ཀྱི་རང་བཞིན་ཅན་ཞིག་ཡོང་བའི་འབད་པས་ཐེངས་ཁ་ཤས་ཤིག་ཚོད་ལྟ་བརྒྱུད་བསྐྱར་བཞེངས་མཛད་པ་རེད། མཁར་ཆེན་པོ་འདི་ནི་གནའ་བོའི་མཁར་གྱི་བཟོ་བཀོད་དུ་བཞེངས་ཡོད་པས་དགོན་པ་སོགས་དང་མི་འདྲ་བར་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། ཐོག་བརྩེགས་དགུའི་མཐོ་ཚད་ཡོད་པས་མཐོང་སྣང་ལ་བརྗིད་ཅིང་དགྲ་ཇག་གི་གཡུལ་ངོ་བཟློག་སླ་བ། ཐོག་ཁང་ལས་མཐོང་རྒྱ་ཡངས་པས་ནང་དུ་བཞུགས་པར་ཉམས་སྤྲོ་བ། ཐ་ན་རྩིག་པ་བཟོ་བའི་རྡོ་ལ་ཡང་དབྱེ་བསལ་འདེམས་སྒྲུག་གི་འབད་པ་ཆེན་པོས་གྱད་རྡོ་སོགས་སུ་མིང་བཏགས་པས་རྩིག་པ་སྲ་ཞིང་བརྟན་པ་སོགས་སྐབས་དེའི་བོད་མིའི་ཤེས་རིག་ལག་རྩལ་སྤྱི་དང་ལྷག་པར་ཡང་ཁང་བཟོའི་ལག་རྩལ་གྱི་ཐོན་རྫས་དཔེ་མཚོན་དུ་བགྲང་བར་རུང་ངོ་། །དེ་ལྟར་མར་པ་ལོ་ཙཱ་བའི་དཀའ་སྤྱད་དང་ཞིབ་ཚགས་གཟིགས་རྒྱང་རིང་པོའི་གཤིས་ཀ་དང་དེའི་འབད་པ་ལ་བརྟེན་ནས་ད་དུང་ཡང་བོད་ཀྱི་ཁང་བཟོའི་དཔེ་སྟོན་ལྟ་བུར་ལོ་རྒྱུས་རང་བཞིན་ཅན་གྱི་མཁར་འདི་མཇལ་དུ་ཡོད་པ་འདི་ཡིན། དེ་ཡང་རྗེ་མི་ལའི་རྣམ་ཐར་དུ་ཐོག་མར་རྗེ་འདི་མཇལ་སྐབས་ཞིང་ཀའི་ནང་དུ་རྨོས་དོར་གྱི་རྗེས་དེད་ནས་ཞིང་ལས་མཛད་བཞིན་ཡོད་ཚུལ་དང་བླ་མ་ཆེན་པོ་འདི་འདྲ་ཞིག་གིས་ཞིང་ལས་མཛད་པར་ཡིད་མ་ཆེས་པའི་ཚུལ་སོགས་གསལ་ཡོད། དེ་ཡང་ལྷོ་བྲག་མར་པ་ལོ་ཙཱ་བ་ཆེན་པོ་འདི་ནི་ཆོས་པའི་འབགས་འོག་ཏུ་སྐྱིད་ཉལ་བྱེད་མཁན་ཞིག་མ་ཡིན་པར་ངལ་རྩོལ་བ་མཛུབ་མོར་སེར་ཀ་གས་པར་འཚེར་སྣང་མེད་མཁན་ཞིག་ཡིན་པ་གསལ་པོ་ཡིན། སྤྱིར་ན་སྐབས་དེར་མར་པ་ལོ་ཙཱ་བའི་སྙན་གྲགས་ཆེན་པོ་རྒྱས་ཟིན་པ་དང་ཁོང་གིས་རྒྱ་གར་སྐད་ནས་བསྒྱུར་བའི་ཆོས་གཞུང་རྣམས་ཁུངས་དག་པ་དང་འགྱུར་གྱི་སྤུས་ཚད་མཐོ་བས་ཡོན་ཆེན་པོ་ཐོབ་བཞིན་ཡོད་པས་འཚོ་ཐབས་ཞིང་ལས་ཁོ་ནར་བརྟེན་དགོས་པ་ཞིག་མིན་ན་ཡང་། སྤྱིར་ཁོང་ནི་ཞིང་པའི་ཁྱིམ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས་ངལ་རྩོལ་ལ་སྤྲོ་སྣང་ལྡན་པ་དང་། ཁོང་གིས་འགྲུལ་བཞུད་དང་སློབ་གཉེར་གནང་ཡུལ་རྒྱ་གར་དང་བལ་པོའི་ཡུལ་དུ་ཁོང་གིས་ཞིང་ལས་མཛད་ཡོད་མེད་མི་ཤེས་མོད་ཞིང་ལས་ཐོན་སྐྱེད་ཕྱུག་པའི་ཡུལ་ལུང་ཡིན་སྟབས་དེ་དག་ནས་ཞིང་ལས་ལག་རྩལ་རིགས་མང་པོ་ཞིག་ལ་གོམ་འདྲིས་བྱུང་ཡོད་པར་ངེས། ལྷག་པར་ཡང་ཟ་དགའ་ཉལ་སྐྱིད་ཀྱི་ཆོས་པ་ཚོའི་ངན་གོམ་ལངས་ཤོར་གྱི་གོམས་སྲོལ་ལ་དགའ་རྒྱག་དང་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་སློབ་མ་གསར་པ་ཚོར་མིག་དཔེ་སྟོན་ཆེད་དུ་ཁོང་ཚོའི་མཐོང་སར་ཆེད་དུ་དམ་པ་འདིས་ཞིང་ལས་སོགས་ངལ་རྩོལ་ལ་འཇུག་བཞིན་ཡོད་པར་ཐེ་ཚོམ་མེད། མར་པ་ལོ་ཙཱ་བ་ནི་ཁྱིམ་ཚང་གི་བདེ་སྐྱིད་ལ་དགྱེས་ཚོར་ཡོད་མཁན་ཞིག་ཡིན། ཁོང་རང་ཉིད་ཀྱང་སེར་མོ་མ་བྱས་ཤིང་དགའ་རོགས་ངོ་མ་སྔ་ཕྱིར་དགུ་ཙམ་བསྒྲིགས། དེ་དག་གི་ནང་ནས་ཀྱང་སྙིང་གི་ཕྱེད་ཀ་ལྟ་བུའི་མཛའ་གྲོགས་བདག་མེད་མ་དང་ལྷན་དུ་མི་ཚེ་སྐྱེལ་བའི་ཐུགས་ཐག་བཅད། ལྷོ་བྲག་གྲོ་བོ་ལུང་དུ་འཁོར་བ་བཟུང་བས་མར་པ་ཚང་ཞེས་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་ཡིད་སྨོན་ཤོར་འོས་པ་ཞིག་ཚུགས། བདག་མེད་མ་དང་བཟའ་སྒྲིག་མཛད་ཅིང་བཟའ་ཚོ་ལམ་ལྷོངས་བྱུང་ནས་སྐུ་ཚེ་མཐར་ཕྱིན། བུ་དར་མ་མདོ་སྡེ་བར་ཆད་ཀྱིས་གྲོངས་སྐབས་ཀྱང་ཚུལ་འཆོས་མེད་པར་ཐུག་སྡུག་ཆེན་པོ་མཛད་པ་སོགས་ལས་ཀྱང་ཁོང་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་ནང་མིའི་བརྩེ་དུང་ལ་བསྟོད་གླུ་ལེན་མཁན་ཞིག་ཡིན་པ་གསལ་པོ་ཡིན། བཟའ་ཚང་གི་མི་ཚེ་ནི་ལོ་སྐོར་ཟླ་བ་བཅུ་གཉིས་ཉི་མ་སུམ་བརྒྱ་དྲུག་ཅུའི་རིང་ལ་ང་དགའ་ཁྱོད་ཡག་ཁོ་ནས་དུས་ཚོད་འགྲོ་བ་ཞིག་མིན་ལ་འགྲོ་དགོས་པ་ཞིག་མིན་པས་མཚམས་མཚམས་སུ་ལོ་ཙཱ་བ་ཁོང་དང་བདག་མེད་མའི་བར་ལ་ཡང་བཟའ་ཚང་དང་སློབ་མ་སྐྱོང་སྟངས་ཐད་ཞལ་རྩོད་འབྱུང་། ཡིན་ན་ཡང་དོན་དམ་པའི་བརྩེ་བ་ཡོད་ཕྱིན་ཚིག་རྩོད་རེ་འབྱུང་མིན་ལ་མ་ལྟོས་པར་དུས་རྟག་ཏུ་གཅིག་གིས་གཅིག་ལ་འཁྲི་ནས་འདུག་པ་ཆོས་ཉིད་ཡིན་སྟབས་དོན་དུ་ཁོང་བཟའ་ཚོ་གཉིས་ནི་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་བའི་བརྩེ་དུང་ཅན་གཉིས་ཡིན། དེ་ཡང་དཔེར་ན། སྲས་མཁར་གྲུབ་པའི་ཁང་སྟོན་གྱི་སྐབས་སུ་གཞུང་གི་རྔོག་སྟོན་ཆོས་རྡོར་ཟེར་བའི་བླ་ཆེན་དེས་ཕྱུགས་ལུག་ཡོད་ཚད་གཙོ་བོར་གྱུར་པའི་ཁོང་གི་ཁྱིམ་དུ་ཡོད་ཚད་ཀྱི་ནོར་རྫས་ཚང་མ་འབུལ་བར་ཁྱེར་ནས་ཕེབས། མར་པའི་ཁྱིམ་གཞིས་དང་ཐག་མི་རིང་བ་ཞིག་ཏུ་སླེབས་སྐབས་མི་ཞིག་སྔོན་དུ་བཏང་ནས་ཡུམ་ལ་བསུ་ཆང་ཞིག་གནང་བའི་རེ་བ་ཕུལ། དེ་ནི་རྔོག་སྟོན་ཆོས་རྡོར་གྱིས་མི་ཆེན་པོའི་ཆེ་བ་ངོམ་སྟངས་ཤིག་ཡིན། སྐབས་དེར་མར་པ་ལོ་ཙཱ་བ་ལ་ཞུས་དུས་མར་པས་བསུ་ཆང་མ་གནང་། ངས་རྒྱ་གར་ནས་ཆོས་ཟབ་མོ་དེ་འདྲ་ཞིག་ཁྱེར་ཡོང་དུས་ཆང་ཁྱེར་ནས་བསུ་མཁན་ཞིག་མ་བྱུང་། ཁོས་དུད་འགྲོ་ཁ་ཤས་དེད་ནས་ཡོང་བ་ལ་ངས་བསུ་བ་མི་བྱེད་ཅེས་གསུངས། དེར་ཡུམ་བདག་མེད་མས་དེ་ལྟར་མི་རུང་། རྔོག་པ་འདི་མི་ཆེན་ཡིན་པས་བསུ་ཆང་ཅིས་ཀྱང་འཁྱེར་དགོས་གསུངས་ནས་བསུ་ཆང་ཁྱེར་ནས་བསུ་བ་བྱས། དེ་ནི་མར་པས་རང་གི་ཆོས་ཀྱི་ཆེ་བ་འདོན་པའི་ཆེད་དུ་བསུ་ཆང་མི་གནང་བར་གསུངས་པ་དང་། ཡུམ་གྱིས་མི་ཆེན་བླ་ཆེན་ཚོའི་སེམས་འཛིན་ཐབས་སུ་ཆང་གནང་བ་སྟེ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་རང་རང་གི་ཐུན་མིན་གྱི་འཇོན་ཐང་མི་འདྲ་བ་སྤྱད་ནས་ཁྱིམ་ཚང་དེའི་རིག་གནས་ཚོང་ལས་སྤེལ་བ་ལམ་ལྷོངས་ཡོང་བཞིན་ཡོད་པ་གསལ་པོ་ཡིན། སྐབས་དེར་བོད་དུ་གྲགས་ཆེ་བའི་འབྲོག་མི་ལོ་ཙཱ་བ་དང་། རྒྱ་གར་ན་སྐད་གྲགས་ཆེ་བའི་བླ་མ་མཁས་པ་ན་རོ་པ་དང་། མེ་ཏྲི་པ། བལ་ཡུལ་ན་སྐད་གྲགས་ཆེ་བའི་ཕམ་མཐིང་བ་སོགས་ཀྱི་ཞབས་ལ་གཏུག་ནས་སངས་རྒྱས་པའི་གསང་སྔགས་ཀྱི་ཆོས་ལ་སློབ་གཉེར་དང་། སྔགས་ཀྱི་རྒྱུད་སྡེ་མང་པོ་བོད་སྐད་དུ་བསྒྱུར་བ་རྣམས་ནི་གསང་སྔགས་གསར་མ་ཞེས་པའི་གཞི་རྐང་འཛུགས་ས་ཉིད་དུ་གྱུར་ཡོད་པས་གསང་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་མར་འབྲོག་འགོས་གསུམ་ཞེས་པའི་ཡ་གྱལ་ལས་ཐོག་མར་བགྲང་བ་ཡིན་ནོ། ། དམ་པ་ཁོང་གི་རྣམ་ཐར་ནི་ཆེས་ངོ་མཚར་ཅན་ཞིག་ཡིན། དེ་ཡང་ཁོང་གིས་དགའ་རོགས་མང་པོ་བསྒྲིགས་ཚུལ་སོགས་ལ་བསམ་སྐབས་ན་གཞོན་སྣང་བ་སྐྱིད་པའི་རྩེ་དགར་རོལ་ནས་བསྡད་བསྡད་པ་ལྟ་བུ། མི་འདིས་མཁར་ལས་ཞིང་ལས་བྱས་ཚུལ་ལ་བལྟས་ན་མི་ཚེ་གང་བོར་ངལ་རྩོལ་ཁོ་ན་ལ་འབད་པ་ལྟ་བུ། ཁོང་གིས་འགྲུལ་བཞུད་བྱས་ཚུལ་ལ་བསམ་ནས་མི་ཚེ་གང་བོར་རྒྱ་བལ་དུ་འཁྱམས་པ་ལྟ་བུ། ཆོས་ལ་སློབ་སྦྱོང་བྱས་ཚུལ་ལ་བསམ་ན་དཔེ་ཆ་བ་རྐམ་པོ་ཞིག་གི་བཟོ་ལྟ་མིག་ལམ་དུ་ཤར་དགོས་པ་ལྟ་བུ། སློབ་མ་བསྐྱངས་ཚུལ་དང་སློབ་མ་རེ་རེའི་ཆེད་དུ་ནུས་ཤུགས་མང་པོ་བཏོན་ཚུལ་ལ་བསམ་ན་དགེ་རྒན་སྡུག་རུས་ཅན་ཞིག་ཁོ་ན་ལས་གཞན་མིན་པ་ལྟ་བུ། སྐད་རིགས་སྦྱངས་ཤིང་ཆོས་གཞུང་མང་པོ་བསྒྱུར་ཚུལ་ལ་བསམ་ན་ཚེ་གང་བོར་འབྲི་བསུབ་ལ་ཁ་ལག་མ་དལ་བར་བསྡད་པ་ལྟ་བུ་ཞིག་ཡིན། དེ་ལ་དོག་པ་མེད་དེ། མི་ཕལ་བ་མང་པོ་ཞིག་གི་མི་ཚེའི་ནང་དུ་སྒྲུབ་དགོས་པའི་བྱ་བ་ཚང་མ་མི་འཇོན་ཐང་ཅན་མི་གཅིག་ལག་གཅིག་གིས་སྒྲུབ་ནུས་པ་ཞིག་ཡིན། དེས་ནི་མི་འཇོན་ཐང་ཅན་དང་འཇོན་ཐང་མེད་མཁན་གྱི་དབྱེ་བ་འབྱེད་བཞིན་ཡོད་འདུག མདོར་ན་མར་པ་ལོ་ཙཱ་བ་ཆེན་པོ་ནི་འགྲན་རྩོད་མང་པོ་ཞིག་ལས་རྣམ་པར་རྒྱལ་བའི་སྐྱེས་བུ་ཞིག་ཡིན། དཔེར་ན། ཐོག་མར་འབྲོག་མིའི་མདུན་དུ་སློབ་སྦྱོང་བྱས་ཀྱང་འབྲོག་མི་སློབ་ཡོན་ཆེ་བས་སློབ་མ་དབུལ་པོ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་ལ་མགོ་བོ་མ་རྒུར་བར་ཁོང་རང་ཉིད་རྒྱ་གར་དུ་ཕེབས་ནས་སློབ་གཉེར་བྱས། ཁོང་བལ་ཡུལ་དུ་སླེབས་སྐབས་གཉོས་ཁ་རག་པ་ཟེར་བའི་བོད་མི་སློབ་གཉེར་བ་ཕྱུག་པོ་ཞིག་གིས་མར་པ་ཆོས་ཀྱི་བློ་གྲོས་ལ་གསེར་མང་པོ་མེད་པར་བསྙད་ནས་ཁོའི་གཡོག་པོ་བྱས་ན་ཁོང་དང་ལྷན་དུ་སློབ་སྦྱོང་བྱེད་ཆོག་པར་བཤད་པ་ལ་མགོ་མ་རྒུར་བར་ལོ་གསུམ་ཙམ་དུ་བལ་ཡུལ་ཡས་མས་སུ་ས་ཆུ་འདྲིས་པས་བྱས་ནས་རང་ཉིད་རྒྱ་གར་གྱི་བླ་མ་མཁས་པ་ཚོའི་རྩར་གཏུག་ཐུབ་པ་བྱས། བལ་པོའི་ས་མཚམས་སུ་ལམ་ཁྲལ་སྡུད་མཁན་གྱིས་བོད་མི་ཚོ་འགྲུལ་བཞུད་པ་ཚོ་ཡུན་རིང་པོར་འགོག་པ་སོགས་དཀའ་ངལ་གཏད་བཞིན་པ་ལ་མགོ་མ་རྒུར་བར་བྲོས་བྱོལ་བྱས། ལྷོ་བྲག་གྲོ་བོ་ལུང་དུ་ཁྱིམ་གཞིས་འཛིན་སྐབས་ཀྱི་སྔ་ཕྱིར་ཡུལ་དེའི་གྲོང་པ་ཁྱིམ་མཚེས་ཚོ་དང་འགལ་ཟླ་མང་དུ་བྱུང་བ་ལ་མགོ་བོ་མ་རྒུར་བར་འཐབ་མོ་མང་དུ་བྱས་མཐར་མར་པ་རྒྱལ། མདོར་ན་དམ་པ་འདི་ནི་ཕྱི་ནང་གི་གནོན་ཤུགས་གང་ལ་ཡང་མགོ་བོ་མི་རྒུར་མཁན་གྱི་དཔའ་བོ་ཆེན་པོ་ཞིག་ཡིན་པར་ཐེ་ཚོམ་མེད་དོ།།
ལྷོ་བྲག་ཏུ་གནའ་རྫས་དཔྱད་ཞིབ་བྱེད་པར་སྐྱོད་ཚུལ་བཀོད་པ་ཁག་གསུམ་པ།
བརྩོམས་འབྱུང་ཁུངས་། ཀྲུང་གོའི་བོད་ལྗོངས་ལས།། སྲས་མཁར་དགུ་ཐོག་ནི་གནའ་བོའི་དུས་ནས་སྙན་གྲགས་ལྡན་པའི་བཀའ་བརྒྱུད་པའི་དགོན་པ་ཡིན།བཞེངས་ཡུལ་ནི་ལྷོ་བྲག་རྫོང་སྲས་ཞང་གི་དབེན་པའི་གྲོག་རོང་ཞིག་ཏུ་ཡིན་པ་དང་།ཉེ་ཁོར་དུ་ཤིང་ནགས་སྟུག་པོ་དང་།ཆུ་ཕྲན་གྱིས་བསྐོར་ཏེ་དབེན་པའི་ཡུལ་གྲུ་ཡིད་དུ་འོང་བ་ཞིག་ཏུ་སྣང་།ཉི་མ་ཤར་མཚམས་ཀྱི་སྲས་མཁར་དགུ་ཐོག་གི་ཕྱི་དབྱིབས་ཆ་ཚང་གསལ་བའི་པར་ཞིག་ལེན་ཕྱིར།ང་ཚོའི་གནའ་སྤྱད་རྟོག་ཞིབ་རུ་ཁག་དེ་ཉིན་སྔ་མོ་ནས་ཐོན་ཏེ་ལྷོ་བྲག་མི་རིགས་ཆོས་ལུགས་ཅུས་ཀྱི་དབུ་འཛིན་ནོར་བུ་ལགས་ཀྱི་ཕེབས་རོགས་འོག་སྲས་མཐར་དགུ་ཐོག་ཆ་ཚང་མཇལ་སའི་རི་རྩེར་འཛེགས།ཞོགས་པའི་ཉི་འོད་ལ་ཕྱོགས་པའི་གནའ་དགོན་དེ་ཉིད་ཀྱི་ངོ་མཚར་མཛེས་ཉམས་ཐོགས་སྒྲིབ་མེད་པར་ང་ཚོའི་མིག་ལམ་དུ་མངོན་བྱུང་། སྙོམས་པོར་བལྟས་ཚེ་སྲས་མཁར་དགུ་ཐོག་དེ་བོད་ཀྱི་དགོན་པ་གཞན་དག་དང་ཁྱད་པར་དེ་ཙམ་མི་ཆེ་བར་ཕྱི་སྒོ་དང་།འདུ་ཁང་།མཆོད་ཁང་།ལྷ་ཁང་བཅས་ལས་གྲུབ་པ་དང་།རི་རྩེ་ནས་ཐུར་མཇལ་བྱེད་སྐབས།མཆོད་ཁང་དེ་དག་དང་ཉེ་ཁོར་གྱི་གྲྭ་ཤག་དང་།མཛོད་ཁང་ལ་སོགས་པའི་དགོན་པའི་བཟོ་སྐྲུན་ནི་གྲུ་བཞི་ནར་མོའི་དབྱིབས་སུ་ཆགས་ཤིང་དགོན་པའི་གྲུབ་ཆ་གཙོ་བོར་གྱུར།འོན་ཀྱང་ངོ་མཚར་ཆེ་ས་ནི་གྲུ་བཞི་ནར་མོའི་བཟོ་སྐྲུན་གྱི་དཀྱིལ་ན།མཁར་ཪྙིང་གི་བཟོ་སྐྲུན་ཞིག་ཀྲོང་ངེར་འགྱིང་ཡོད།དེའི་གྱང་སྐྱ་བོ་གྲུ་བཞི་དེ་རིམ་བཞིན་ནང་ངོས་སུ་རུབ་ཅིང་།བརྩིགས་པ་ཤིན་ཏུ་འདྲོང་ལ་བརྟན་ཉམས་དོད་པར་སྣང་།མཁར་ཪྙིང་དེའི་ཐོག་རྩེ་ན་གསེར་མདངས་ཕྱུང་བའི་རྒྱ་ཕིབས་ཡོད་པ་དེར་ཉི་འོད་ཕོག་སྐབས།ཕ་རོལ་གྱི་ཆུ་བོའི་རླབས་ཕྲེང་དང་ཕན་ཚུན་འོད་མདངས་འགྲན་པ་ལྟ་བུར་མཆིས།མཁར་རྫོང་དང་འདྲ་བའི་ལྷ་ཁང་དེ་ནི་ལོ་རྒྱུས་ཐོག་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་གཡོ་བའི་བོད་ཀྱི་གནའ་བོའི་དགོན་ཪྙིང་སྲས་མཁར་དགུ་ཐོག་དུ་འབོད་པ་དེ་རེད།སྲས་མཁར་དགུ་ཐོག་བཞེངས་པའི་སྐོར་ལ་བོད་དུ་བཤད་རྒྱུན་ངོ་མཚར་ཆེ་ཞིག་ཡོད་དེ།སྤྱི་ལོའི་དུས་རབས་༡༡པར་སྒྲ་སྒྱུར་མར་པས་རང་གི་སློབ་མ་མི་ལ་རས་པ་སྙིང་རུས་ལྡན་མིན་བརྟག་པའི་ཕྱིར་སྒོམ་གནས་ཐོག་བརྩེགས་དགུ་ལྡན་ཞིག་བཞེང་དུ་བཅུགམི་ལ་རས་པས་དཀའ་བ་ཚད་མེད་སྤྱད་དེ་ཕྱོགས་མཐའ་བཞི་ལས་ས་རྡོ་དབོར་ནས་བཞེངས་ཀྱང་ཉིན་མོ་བརྩིགས་པ་ཐམས་ཅད་མཚན་མོ་ཞིག་འགྲོ་བ་དེ་ནི་བླ་མ་མར་པས་རྫུ་འཕྲུལ་བསྟན་པའི་དབང་གིས་རེད།དེ་ལྟར་ནའང་མི་ལ་རས་པ་ནི་རུས་པ་ཅན་ཞིག་དང་དཔའ་མི་ཞུམ་ཞིང་གཉའ་མི་ཆག་པ་ཞིག་ཡིན་གཤིས།ཉིན་མོ་བརྩིགས་པ་ཐམས་ཅད་མཚན་མོ་ཞིགམཚན་མོ་ཞིག་པ་ཉིན་མོ་བསྐྱར་དུ་བརྩིགས་ནས་དེ་ལྟར་ཉིན་རེ་བཞིན་ངལ་བ་འདོར་མེད་དུ་བརྩིགས་པའི་མཐར་མར་པ་ལོ་ཙཱ་བའི་ཡུམ་གྱིས་ཤ་ཚ་བ་དང་སྙིང་རྗེ་ནས་བླ་མར་དབང་དང་གདམས་ངག་གནང་བའི་ཞུ་བ་གསོལ་པ་བཞིན་བླ་མས་ཀྱང་རྗེས་སུ་བཟུང་ཞིང་སྲས་མཁར་དགུ་ཐོག་ཀྱང་བསམ་དོན་བཞིན་དུ་འགྲུབ།མཁར་དེའི་ལྷ་ཁང་ལ་ཀ་བ་བཅུ་གཉིས་ཡོད་པ་དང་། བཀའ་བརྒྱུད་པའི་དགོན་སྡེ་གྲགས་ཅན་གྲས་སུ་གྱུར། ཕྱིས་སུ་བཀའ་བརྒྱུད་པའི་དགོན་པ་གྲགས་ཅན་འདི་དུས་རབས་མི་གཅིག་པར་ཉམས་གསོ་ཐེངས་མང་བྱས་པ་དང་།ལྷག་པར་དུ་དུས་རབས་༡༦པར་བཀའ་བརྒྱུད་པའི་མཁས་དབང་གྲགས་ཅན་དཔའ་བོ་གཙུག་ལག་ཕྲེང་བས་ཉམས་གསོ་དང་རྒྱས་སྐྲུན་གཞི་རྒྱ་ཆེན་པོ་གནང་བས།སྲས་མཁར་དགུ་ཐོག་གི་ཕྱིའི་བཟོ་སྐྲུན་རགས་ཙམ་ཆགས་པ་རེད།རྒྱལ་དབང་ལྔ་པའི་དུས་སུ་བོད་ས་གནས་བཀའ་ཤག་སྲིད་གཞུང་གི་གཏན་འབེབས་ལྟར།བོད་ཀྱི་རབ་བྱུང་རེ་རེའི་ནང་དགོན་སྡེ་དེ་ཉིད་ཉམས་གསོ་ཐེངས་རེ་བྱེད། ༡༩༤༤ལོར་ལྷོ་ཁའི་བསམ་འགྲུབ་དགོན་གྱི་སྤྲུལ་སྐུས་གཙོ་བོ་མཛད་དེ་བོད་ལྗོངས་ས་གནས་སྲིད་གཞུང་གིས་དགོན་སྡེ་དེར་མཇུག་མཐའི་ཉམས་གསོ་བྱས་པ་དེའི་རྗེས་ལ་སྲས་མཁར་དགུ་ཐོག་ཀྱང་དགེ་ལུགས་པའི་གྲུབ་མཐའ་རུ་གྱུར་པ་རེད། ང་ཚོ་སྲས་མཁར་དགུ་ཐོག་ཏུ་འབྱོར་ཉིན་དེར་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཅུས་དང་ལྷོ་ཁ་ས་ཁུལ་རིག་གནས་ཅུས་གཉིས་མཉམ་འབྲེལ་ལས་གྲུབ་པའི་གནའ་བོའི་བཟོ་སྐྲུན་ཉམས་གསོ་རུ་ཁག་ཀྱང་གནའ་དགོན་དེར་གཞི་ཁྱོན་ཆེ་བའི་ཉམས་གསོ་གནང་བར་འབྱོར་བ་དང་སྟབས་ཁེལ་ཅིང་།ཉམས་གསོའི་བཟོ་སྐྲུན་གྱི་གཙོ་སྐྱོང་པ་བོད་རང་སྐྱོང་ལྗོངས་ཀྱི་གནའ་བོའི་བཟོ་སྐྲུན་རུ་ཁག་གི་དགེ་རྒན་ངག་དབང་ལགས་ཀྱང་ཕེབས་ཡོད།ཁོང་དང་ང་གཉིས་ནི་ལོ་ངོ་ཉི་ཤུའི་གོང་ལ་བོད་ལྗོངས་རིག་དངོས་ཡོངས་བཤེར་བྱེད་སྐབས་གྲོགས་པོར་གྱུར་པ་དང་།ཉམས་གསོ་བྱེད་སར་ཉམས་བཟོའི་བཟོ་སྐྲུན་པར་ལེན་བཞིན་པའི་བོད་རིགས་གཞོན་ནུ་རྡོ་རྗེ་ནི་ལྷོ་ཁ་ཁུལ་རིག་དངོས་ཅུས་ཀྱིས་མངགས་པའི་པར་ལེན་མཁན་ཡིན་ཞིང་།ངེད་གཉིས་ཀྱང་སྔོན་མ་མངའ་རིས་ཁུལ་དུ་གནའ་རྫས་བརྟག་དཔྱད་བྱེད་པར་མཉམ་དུ་འགྲོ་མྱོང་བས།ད་རེས་བསམ་ཡུལ་ལས་འདས་ཏེ་མ་གྲོས་མཉམ་འཛོམས་བྱུང་སྐབས།ང་ཚོ་ཚང་མ་དགའ་ཚོར་ཆེན་པོས་མྱོས།ལྷག་པར་དུ་རྡོ་རྗེ་མཐོང་བ་དང་ངེད་ཅག་མངའ་རིས་ལ་མཉམ་དུ་གནའ་རྫས་རྟོག་ཞིབ་བྱེད་པར་ཕྱིན་ཚུལ་སྣང་བར་ལྷང་ལྷང་འཆར།དེ་དུས་ང་མངའ་རིས་ནས་ལྷ་སར་ཡོང་པའི་ལམ་བར་དུ་མངའ་རིས་ལ་དྲག་ཆར་བབས་ཏེ་ལོ་ངོ་བརྒྱ་ཕྲག་རིང་བྱུང་མྱོང་མེད་པའི་ཆུ་ལོག་ཐོན་ཏེ་ངམ་རིང་གི་རོང་ཤུར་དུ་ངེད་ཅག་ཚང་མ་ཉིན་མཚན་གཅིག་རིང་ཆུ་ལོག་གི་དཀྱིལ་ནས་མ་ཐར་བར་ལུས་ཤིང་།རྡོ་རྗེའི་པར་ཆས་ཀྱང་རླངས་འཁོར་གྱི་ནང་ནས་ཆུ་ལོག་གིས་ཁྱེར་སྟབས་རྡོ་རྗེ་བློ་ཕངས་ཏེ་མིག་ཆུ་གཏོང་སྐབས།གཞུང་དྲང་བབ་ཆགས་ཀྱི་གཞོན་ནུ་ཁོང་ལ་ང་ཚོ་རུ་མི་ཡོངས་བློ་མགུ་བ་དང་གདུང་སེམས་མཉམ་སྐྱེད་བྱེད་མྱོང་། གནའ་བོའི་བཟོ་སྐྲུན་རུ་ཁག་གི་འདུག་གནས་སྟབས་བདེ་དེར་ངག་དབང་ལགས་ཀྱིས་ང་ཚོར་ཇ་བསྲུབས་མ་ཚ་ལྷང་ལྷང་ལྡུག་ཞོར་ལ་སྤྲོ་བ་ཆེན་པོའི་ཐོག་ནས།ཏང་དང་རྒྱལ་ཁབ་ཀྱིས་གནའ་དགོན་དེའི་རིག་དངོས་བསྲུང་རྒྱུར་གཟིགས་མཐོང་ཧ་ཅང་ཆེན་པོ་གནང་ཚུལ་དང་།མ་དངུལ་བཏང་ནས་ཁྱོན་ཡོངས་ནས་ཉམས་གསོ་བྱ་རྒྱུ་ཡིན་པ་དང་།ད་རེས་ཀྱི་ཉམས་གསོའི་ལས་གྲྭ་ད་ལྟའི་བར་དུ་བདེ་བླག་བྱུང་ཚུལ་བརྗོད་བྱུང་།དབུལ་པོའི་ཁྱིམ་དུ་སྐྱེས་པའི་ལག་ཤེས་པ་ཁོང་ནི་ཉེ་བའི་ལོ་འདི་འགའི་རིང་བོད་ལྗོངས་ཀྱི་རིག་དངོས་གནའ་བོའི་བཟོ་སྐྲུན་ཀྱི་རྣམ་གྲངས་མང་པོར་ཞུགས་མྱོང་ཡོད་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རྩེ་ཕོ་བྲང་ཉམས་གསོ་ལས་སྒོའི་རྐང་འཛིན་པའི་གྲས་ཀྱང་ཡིན་པས། བོད་ལྗོངས་ཀྱི་རིག་དངོས་གནའ་རྫས་ཁྱབ་ཁོངས་སུ་ཀྲུང་གོ་གསར་པས་གསོ་སྐྱོང་བྱས་པའི་ཆེད་མཁས་པའི་གྲས་སུ་གྱུར་ཟིན་ཅིང་།ཁོང་གི་ཁ་བརྡ་ལས་ཡིད་ཆེས་དང་སྤོབས་པས་ཁེངས་པ་ཚོར་ཐུབ།ཁོང་ནི་བཟོ་སྐྲུན་བྱེད་རིམ་ཧྲིལ་པོའི་འགན་ཁུར་པ་ཡིན་གཤིས།ཁོང་གི་དུས་ཚོད་མང་པོ་འཐུས་ཤོར་གཏོང་མི་བཟོད་པར་ང་ཚོ་བྲེལ་ཉམས་དང་བཅས་ཁོང་དང་གྱེས་རྗེས།རྡོ་རྗེས་ང་ཚོ་ཉམས་གསོ་བྱེད་ཁུལ་དུ་རྟོག་ཞིབ་བྱེད་པར་ཁྲིད། དགོན་པའི་ཕྱི་ནང་གང་སར་བཟོ་སྐྲུན་གྱི་རྒྱུ་ཆས་ཁེངས་ཤིང་།གང་སར་ལས་ཁྲི་བརྒྱབ་འདུག་ཀྱང་རྡོ་རྗེས་ང་ཚོ་ཁྲིད་སྟབས།ཀྱག་ཀྱོག་མང་པོ་འགྲིམས་རྗེས་སྲས་མཁར་དགུ་ཐོག་གི་སྒོ་རྩར་སླེབས། “སྲས་མཁར་དགུ་ཐོག་”ཅེས་འབོད་པའི་བཟོ་སྐྲུན་དེ་ནི་གོང་འོག་ཐོག་བརྩེགས་རིམ་པ་དགུ་ཡོད་པ་ལས།ཐོག་བརྩེགས་དང་པོ་གཉིས་པ་ནི་ས་འོག་དང་མཛོད་ཁང་ཡིན་པ་དང་།ཐོག་བརྩེགས་གསུམ་པ་ཡན་ཚང་མར་ཆོས་ཁང་དང་།ལྡེབས་རིས་ཡོད་པ་དང་།འོག་ཁྱམས་ཀ་བ་བཅུ་གཉིས་ཡོད་པ་དེ་ནི་ཆོས་ཁང་དང་།འདུ་ཁང་།འཁྱོག་ཁྱམས་བཅས་ལས་གྲུབ་པ་དང་།ཆོས་ཁང་གི་རྒྱ་ཁྱོན་ལ་ཁང་མིག་ལྔ་དང་།ཀ་བ་བརྒྱད་ཡོད་པ་དང་།དེའི་སྦུག་ཏུ་ཀ་བཞི་གདུང་བརྒྱད་ཀྱི་འདུ་ཁང་དང་འབྲེལ་ཞིང་།འགྲོ་ཡུལ་བཀག་པའི་འཁྱོག་ཁྱམས་ཞིག་གིས་ཆོས་ཁང་དང་འདུ་ཁང་བསྐོར་ཡོད་པ་དེ་ནི་དགོན་པ་དེའི་བཟོ་སྐྲུན་སྔ་ཤོས་རེད།མཁར་གྱི་རྩེ་མོ་བར་དུ་ཐོག་རིམ་རེ་རེའི་བྱང་ངོས་གཡས་གཡོན་སྣོལ་མར་སྐས་བཙུགས་ཡོད།མཁར་གྱི་ནང་དུ་མུན་ནག་སྟབས་ཕྲན་གྱིས་སྒེའུ་ཁུང་ཆུང་ངུའི་ནང་གི་དཀར་ཆར་བརྟེན་ནས་ཐོག་ཁར་འཛེག་བཞིན་པར་ཕྱོགས་གཅིག་ནས་མཁར་གྱི་བརྩེགས་རིམ་རེ་རེའི་ལྡེབས་རིས་དང་འཇིམ་སྐུར་ཉམས་ཞིབ་ཞིབ་ཚགས་བྱེད་སྐབས།གནའ་བོའི་བོད་རིགས་སྒྱུ་རྩལ་མཁས་དབང་རྣམ་པའི་ཕྱག་སོར་གྱི་རྩལ་ལ་ཧ་ལས་པ་བྱུང་།སྲས་མཁར་དགུ་ཐོག་ནང་གི་ལྡེབས་རིས་ནི་དུས་རབས་མི་འདྲ་བར་བཞེངས་ཤིང་།དུས་རབས་མི་གཅིག་པའི་ཉམས་འགྱུར་གྱི་མཚོན་བྱེད་ཡིན་ལ་སྟོད་མངའ་རིས་དང་།དབུས་གཙང་གི་རི་མོའི་ཤུགས་རྐྱེན་ཐེབས་པའང་མངོན་ཐུབ།ཕྲན་གྱིས་ལྷ་མོའི་ལྡེབས་རིས་ཆེ་ཆུང་སྣ་ཚོགས་བཀོད་པ་ཞིག་གི་མདུན་དུ་གོམ་པའི་འདེགས་འཇོག་གི་མཚམས་བཅད་ནས་དབང་མེད་དུ་མགོ་བོ་བཏེགས་ནས་ལྟ་བར་ཐལ།པད་མའི་ཁྲིའི་སྟེང་ན་ཞབས་གཡས་བརྐྱངས་གཡོན་བསྐུམ་གྱི་ཚུལ་དུ་བཞུགས་པའི་ལྷ་མོ་སྣ་ཚོགས་ཀྱི་ལྡེབས་རིས་མཆིས་པ་དེ་དག་ཚང་མ་སྐུ་ཕྱེད་ཕོ་དང་སྐུ་ཕྱེད་མོའི་ཚུལ་དང་།ཕྱེད་གསལ་ཞིང་ཕྱེད་མི་གསལ་བར་ཚོན་གྱི་དབྱེ་བའི་ཁྱད་པར་ཆེན་པོ་ལྡན་ལ་བསམ་ཡུལ་ལས་འདས་པའི་ཆོས་ལུགས་ཀྱི་གོ་དོན་ལྡན་པར་མངོན། བཟོ་སྐྲུན་ཪྙིང་པའི་ཁྲོད་དུ་སྔ་མོའི་དུས་རབས་ཀྱི་ལྡེབས་རིས་ཀྱང་ཡོད་པ་དེ་དག་ང་ཚོའི་བསམ་ཡུལ་ལས་འདས་ཏེ་ཉར་ཚགས་ཡག་པོ་ཐུབ་ཡོད་པ་དཔེར་ན།ཆོས་ཁང་ནང་གི་བཀའ་བརྒྱུད་པའི་སློབ་དཔོན་གྱི་ལྡེབས་རིས་ལ་མཚོན་ན་སྐུ་འཁྱོག་ཙམ་དང་།ཞལ་རས་སྒོར་ཤས་ཆེ་བ།བཀའ་བརྒྱུད་པའི་གཟན་དཀར་མནབས་ནས་པད་ཁྲིའི་སྟེང་ན་འཁོད་ཅིང་།ཡིད་རྣལ་དུ་ཕབ་པ་དང་།སྨིན་མཚམས་ལྷོད་ཅིང་ལྡེམ་ཆ་དང་ལྡན་པས།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་།ཞ་ལུ་དགོན་པའི་ཆོས་ཁང་ནང་གི་ལྡེབས་རིས་དག་དང་དུས་རབས་དང་སྒྱུ་རྩལ་གྱི་ཉམས་འགྱུར་འདྲ་བར་སྣང་། ཐོག་བརྩེགས་གཉིས་པའི་བ་གམ་གྱི་ལྡེབས་རིས་ཐོག་ཆོས་སྐྱོང་སྣ་ཚོགས་ཀྱི་བྲིས་ཡོད་པ་དེ་དག་ཚང་མར་དུས་རབས་བཅོ་ལྔ་པའི་རྗེས་ལ་བོད་ཀྱི་ལྡེབས་རིས་ཁྲོད་“གསེར་ཆུ་བྱུག་པའི་”སྲོལ་དར་བས།ཚོན་དམངས་བཀྲ་བར་མ་ཟད་གསེར་ཆུ་བྱུགས་པའི་དབང་གིས་དཀར་ཆ་མེད་པའི་ཁང་པའི་ནང་དུའང་གསེར་མདངས་ལམ་ལམ་བཀྲ། མཁར་གྱི་ནང་དུ་རྨད་བྱུང་གི་རྐོས་རིས་འགའ་ཞིག་ཀྱང་མཇལ་རྒྱུ་ཡོད།སྒོ་མོ་ཞིག་གི་ཐོད་དུ་རྐོ་རྩལ་ཤིན་ཏུ་འབྱོངས་པའི་ཤིང་རྐོས་ཡོད་པ་དེ་ནི་སྒོ་ཐོད་ཀྱི་རྒྱན་རིས་ཡིན་སྐད་འདུག་པ་དེའི་དཀྱིལ་ན་མཆོད་རྟེན་ལྔ་དང་།དེའི་འོག་ཏུ་བཀྲ་ཤིས་པད་གདན་དང་རྡོ་རྗེ་རྒྱ་གྲམ་བརྐོས་པ་དང་།གཡས་གཡོན་སོ་སོར་རྡོ་རྗེ་དཀྱིལ་དྲུང་དུ་བཞུགས་པའི་སྐུ་འདྲ་བཞུགས་པ་བཅས་ཚུན་གང་རེའི་སའི་འབུར་རྐོས་ཀྱིས་ཀྱང་སེམས་ལྡན་ཇི་བཞིན་འགུལ་བའི་སྣང་བ་སྟེར། ཤིང་རྐོས་ཀྱི་ཕྱི་ངོས་སུ་མཚོན་རིས་སྣ་ཚོགས་བྱུགས་ཤུལ་ཡོད། མཁར་ཪྙིང་ལས་བབས་ཏེ་ནུབ་ངོས་སུ་སོང་ན་འདུ་ཁང་ཆེན་མོ་ཞིག་ཡོད་པ་དེ་ནི་སྤྱི་ལོའི་དུས་རབས་༡༦པའི་དུས་དཀྱིལ་དུ་བཀའ་བརྒྱུད་པའི་མཁས་པ་ཆེན་པོ་དཔའ་བོ་གཙུག་ལག་ཕྲེང་བས་བཞེངས་པར་གྲགས།འདུ་ཁང་དེའི་མདུན་ན་ཀ་གཉིས་ཀྱི་འཁྱོག་ཁྱམས་ཤིག་དང་།དེའི་རྒྱབ་ན་གྲྭ་གྲངས་སུམ་ཅུ་ཤོང་བའི་འདུ་ཁང་ཞིག་ཡོད་པ་དེའི་གྱང་ངོས་བཞི་པོ་ཚང་མ་ལྡེབས་རིས་ཀྱིས་ཁེངས་པ་དེ་དག་ཚང་མ་དཔའ་བོ་གཙུག་ལག་ཕྲེང་བའི་ཕྱག་རྗེས་ཡིན་པའི་བཤད་རྒྱུན་མཆིས།འདུ་ཁང་དེའི་རྒྱབ་ཏུ་ཀ་བཞིའི་འདུ་ཁང་གཞན་ཞིག་དང་།དེའི་ནུབ་ངོས་ན་ཪྙིང་མའི་ལྷ་ཁང་ཀ་གཉིས་མ་ཞིག་ཡོད་པ་དེའི་ནང་ཪྙིང་མ་བའི་ལྷ་སྐུ་སྣ་ཚོགས་བཞེངས་ཡོད། ང་ཚོའི་རོགས་པར་ཡོང་བའི་རྡོ་རྗེས་རིག་དངོས་དང་གནའ་ཤུལ་སྣ་ཚོགས་ངོ་སྤྲོད་གནང་ཞོར་དུ་ཉེ་དུས་དགོན་པ་ཉམས་གསོ་བྱས་ཚུལ་གླེང་སྐབས་“སྲས་མཁར་དགུ་ཐོག་ནི་བོད་ཀྱི་ནང་བསྟན་སྒྱུ་རྩལ་གྱི་དགོས་འདོད་ཀུན་འབྱུང་རེད་ཅེས་བརྗོད་ཆོག་སྟེ།དུས་རབས་༡༡པ་ནས་དུས་རབས་༡༨པའི་བར་གྱི་ལྡེབས་རིས་དང་།མངའ་རིས་ནས་དབུས་གཙང་ཁུལ་གྱི་འབྲི་རྒྱུན་ཚང་མ་དེར་འདུས་ཡོད་པ་དང་།ལྡེབས་རིས་ཙམ་མ་ཟད་ཤིང་རྐོས་དང་།འཇིམ་སྐུ་ལ་སོགས་པ་དོ་ཟླ་བྲལ་བའང་མང་བས།ཉིན་རེ་བཞིན་སྒྱུ་རྩལ་དེ་དག་ལ་རོལ་བའི་སྐལ་བ་ཐོབ་ལུགས་”གླེང་།དེ་མིན་རྡོ་རྗེས་ཁ་སྔོན་སྲས་མཁར་དགུ་ཐོག་དང་མི་རིང་བའི་ལ་རྒྱབ་ཏུ་དགོན་ཤུལ་ཪྙིང་པ་ཞིག་དང་།དེའི་ཉེ་འགྲམ་དུ་བྲག་ཕུག་ཅིག་ཪྙེད་པ་དེའི་ནང་དུས་རབས་༡༡པའི་དུས་ཀྱི་ལྡེབས་རིས་ཡོད་ལུགས་དང་།ལྡེབས་རིས་ཀྱི་འབྲི་རྒྱུན་ནི་མངའ་རིས་ཀྱི་གུ་གེ་རྒྱལ་རབས་དུས་ཀྱི་བརྩམས་ཆོས་དང་ཤིན་ཏུ་འདྲ་ཚུལ་སྤྲོ་བ་དང་བཅས་ཏེ་བཤད་བྱུང་བར་མ་ཟད་“ཁོམ་པ་བྱུང་ན་ཁྱེད་རྣམ་པ་ལྟ་བར་འཁྲིད་ཆོག་”ཅེས་ཟོལ་དང་བྲལ་བའི་ངང་ནས་བརྫོད་བྱུང་།སེམས་རྩ་འཁོལ་པོ་དང་།བབ་ཆགས་པ་དང་།རང་ཡུལ་ལ་བརྩེ་གདུང་ཟབ་པའི་གཞོན་ནུ་སྒྱུ་རྩལ་པ་རྡོ་རྗེར་ལྟ་སྐབས།ང་རང་དབང་མེད་དུ་དགའ་སྤྲོས་མྱོས་ཀྱང་ཁོམ་ལོང་མེད་པའི་རྐྱེན་གྱིས་ཉི་མ་མ་བཞུད་གོང་ལ་ངེད་ཚོ་མི་འདོད་བཞིན་དུ་ཁ་བྲལ་ཅིང་།སང་ལོར་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུས། རླངས་འཁོར་ལ་རུ་འཛེགས་དུས་སྲས་མཁར་དགུ་ཐོག་ལ་རྒྱང་ལྟ་བྱས་པ་ན།ཕྲན་ལ་གློ་བུར་དུ་འཆར་སྣང་གསར་པ་ཞིག་བྱུང་བ་དེ་ནི་ལྷོ་བྲག་རྫོང་ཁོངས་སུ་མཁར་ཪྙིང་མང་པོ་ཡོད་པ་དེ་དག་གི་བྱུང་རབས་ནི་སྲས་མཁར་དགུ་ཐོག་ལས་ཀྱང་སྔ་བ་དང་དེ་དག་བོད་པའི་གནའ་བོའི་བཤད་རྒྱུན་“རྨུ་ཐག་”དང་ཡ་མཚན་ཆེ་བའི་འབྲེལ་བ་ཡོད་ཤས་ཆེ།བོད་ཀྱི་རྒྱལ་པོར་སྔ་བ་གཉའ་ཁྲི་བཙན་པོས་བཞེངས་པར་གྲགས་པའི་སྐུ་མཁར་ལ་སྔ་བ་ལྷོ་ཁའི་ཡར་ཀླུངས་ཀྱི་ཡུམ་བུ་བླ་སྒང་ཡང་མཁར་ཪྙིང་དེ་ལྟ་བུ་ཞིག་མ་རེད་དམ།དོན་སྙིང་འདིའི་ཐོག་ནས་བསམས་ན།ང་ཚོའི་མིག་མདུན་གྱི་སྲས་མཁར་དགུ་ཐོག་ཀྱང་བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་རྣམ་པ་ཤུལ་འཛིན་དང་འཕེལ་རྒྱས་བཏང་བ་རང་རེད།སྲས་མཁར་དགུ་ཐོག་ནི་དེ་ལྟ་བུ་ཡིན་པར་འདོད་ན།དགོན་ཪྙིང་དེ་ནི་སུམ་རྩེན་གནས་དང་མི་ཡུལ་བར་གྱི་“གནམ་སྐས་”སམ་རྨུ་ཐག་ལྟ་བུ་ཡིན་ཞིང་།དེར་བོད་པའི་གནའ་བོའི་སྲོལ་རྒྱུན་དང་ངོ་མཚར་ཆེ་བའི་ངག་རྒྱུན་མང་པོ་འདུས་ཡོད།མཁར་ཪྙིང་དེ་ལོ་ངོ་བརྒྱ་ཕྲག་འགའི་རིང་ཆར་རླུང་གི་བརྡར་ཟད་བརྒྱུད་མོད་ཀྱང་རང་མདངས་ཉམས་མེད་ངང་སྔར་བཞིན་གྲོག་རོང་དུ་འགྱིང་ངེར་ལངས་ནས་མཆིས་པ་འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་སྐྱེས་སུ་ཕུལ་བའི་ཕྱག་རྟགས་རིན་ཐང་བྲལ་བ་ཞིག་ཡིན་ནོ།། x