བོད་ལྗོངས་མཛའ་གཞས།
༡
ཕ་རིའི་སྤང་གི་ལྡེབས་ལ།།
མེ་ཏོག་སྣ་ཚོགས་ཡོད་རེད།།
བློ་ལ་ཡོད་པའི་མེ་ཏོག།
མཛུབ་མོ་བཙུགས་ནས་བཞག་ཡོད།།
ས་འདི་འབྲས་མོ་ལྗོངས་ལ།།
འབྲས་ཀྱི་འབྲས་གླུ་སྙན་པ།།
གཞོན་པ་གནས་བཟང་བསྐོར་མཁན།།
འབྲས་ཆང་བཞེས་པར་ཕེབས་ཤོག།
དབྱར་དགུན་འགྱུར་བ་མེད་པ།།
ལྷ་ཤིང་ཤུག་པ་ཡིན་འདུག།
དེ་ལ་བྱིའུ་ཆུང་འཇོལ་མོའི།།
གནས་ཚང་གཡར་དགོས་བསམ་བྱུང༌།།
རྟ་ཕོ་དུལ་བ་རྐྱང་པོ།།
རྟ་གདན་དུལ་བ་གྲུ་བཞི།།
མཛེས་པོའི་སྲབ་མདའ་མི་དགོས།།
སེམས་ཀྱིས་ཁ་ལོ་གཅུས་ཆོག།
ཀོ་བ་ཆུ་མོའི་གཞུང་ལ།།
འགྲོ་གིས་བསམ་པ་མ་གཏོགས།།
མཉན་དཔོན་བསོད་ནམས་སྟོབས་རྒྱལ།།
མཇལ་ཡོང་བསམ་པ་མ་བྱུང༌།།
གསེར་གྱི་ཐོག་ཁར་འགྲོ་བར།།
དངུལ་གྱི་སྐས་འཛེགས་དགོས་ཀྱིས།།
ཡིད་འཕྲོག་མཛེས་མ་འཚོལ་བར།།
རྡོ་ཡི་ཞགས་པ་དགོས་ཀྱིས།།
འཇའ་སྤྲིན་སྨུག་པའི་གསེབ་ཀྱི།།
གཡུ་འབྲུག་ཉི་མ་ཟླ་བ།།
ལོ་ཡག་རྩ་བ་ཚུགས་སོང༌།།
སྦྲང་ཆར་ཕབ་རོགས་གནང་དང༌།།
ལྡུམ་ར་ཉི་མ་དྲོ་བ།།
པད་མ་བཞད་ཁ་ཕྱེ་སོང༌།།
ཟིལ་བ་འདི་རུ་མི་བབས།།
དགོངས་པ་གང་ལ་བཞེས་པ།།
ལྷ་ཤིང་ཤུག་པའི་རྩེ་ལ།།
ཁུ་བྱུག་གཞོན་ནུ་བབས་འདུག།
གསུང་སྐད་མང་པོ་མི་དགོས།།
སྙན་པོའི་གསུང་ཞིག་གནང་དང༌།།
༢
དབྱར་ཁ་ཆུ་མིག་གང་ཡོད།།
དགུན་ཁ་བལྟས་ན་མཐོང་ཡོད།།
བུ་མོའི་ལས་འཕྲོ་གང་ཡོད།།
བལྟས་ན་མཐོང་ས་མ་རེད།།
འཇམ་པོའི་བལ་གྱིས་བཟོས་པའི།།
འུར་རྡོ་ཆུ་མིག་དགུ་སྒྲིལ།།
ལི་ཐང་གཞུང་ནས་བརྒྱབ་པས།།
གཡུ་ཐོག་གཞུང་ལ་བབས་སོང༌།།
ཡར་འབྲོག་མཚོ་མོའི་སྟེང་གི།
གསེར་གྱི་ཆོས་གོས་བཞེས་པ།།
ཉ་མོ་རུས་རྒྱན་ཞེས་པ།།
གར་སོང་ཤོད་རོགས་གནང་དང༌།།
རྒྱ་གར་གནས་རི་མཐོ་བ།།
ཙན་དན་ནགས་གསེབ་སྟུག་པ།།
ལྷ་བྱ་འབབ་དགོས་བསམ་ཡང༌།།
གངས་མ་ཆར་གྱིས་བསྒྲིབས་སོང༌།།
༣
མཚོ་སྟོད་གསེར་བྱ་ངང་བ།།
མཚོ་སྨད་གཡུ་བྱ་ངང་བ།།
ལས་དང་ལས་འཕྲོ་ཡོད་ན།།
མཚོ་དཀྱིལ་འདི་རུ་ཕེབས་དང༌།།
བསང་དེ་སྔ་བསང་དགོང་བསང༌།།
རྩིག་པའི་ཟུར་ནས་བཏང་ཡོད།།
ལས་འཕྲོ་ཡོད་པའི་ཕོ་རོག།
ཕྱེ་མར་བཞེས་པར་ཕེབས་དང༌།།
རྒྱ་ནག་དཀར་ཡོལ་མང་བ།།
དཀར་ཡོལ་ཡུ་རིང་དཀོན་པ།།
དྭགས་ཀོང་ཤིང་སྣ་འཛོམས་པ།།
མཆོད་ཞལ་རྫབ་ཡ་དཀོན་པ།།
༤
མི་ཆོས་སྨྱུག་མའི་ནང་ལ།།
སྟོང་སྐུད་ལྷས་མ་རྒྱག་གིས།།
ང་གཉིས་གཉིས་པོའི་ལས་དེ།།
བྱིའུ་ཚང་གསོག་ལས་དཀའ་བ།།
ཆུ་མོ་ཆུ་རིས་ཤིག་ཤིག།
ལྷགས་པའི་རྒྱག་ཕྱོགས་ཡིན་པ།།
ང་གཉིས་དཔུང་བ་གཤིབ་གཤིབ།།
གོམ་པའི་སྤོ་ཕྱོགས་ཡིན་པ།།
སྤང་ལ་སྐྱེས་པའི་མེ་ཏོག།
བུ་མོས་གནང་གི་ཡོད་ན།།
དེ་ལ་ཕན་པའི་ཆར་ཞིག།
མེད་པ་རང་ད་མ་རེད།།
ལ་མོ་གྲུ་བཞི་ལྡེག་ལྡེག།
ལ་རྫས་གསོལ་སྙིང་འདོད་བྱུང༌།།
ཆུང་འདྲིས་བློ་གཞི་ལྡོང་ལྡོང༌།།
སྙིང་གཏམ་ཤོད་སྙིང་འདོད་བྱུང༌།།
༢
ཆུང་འདྲིས་ལགས་ཀྱི་སེམས་དེ།།
ལྕང་མ་རློན་པའི་ཟམ་པ།།
ཕྱིན་ན་ལྡམ་མེ་ལྡེམ་མེ།།
མ་ཕྱིན་སེམས་པས་མི་བཟོད།།
ཁང་ཆུང་དཀར་པོའི་ལྡེབས་ལ།།
རིན་ཆེན་གསེར་ཡིག་བྲིས་འདུག།
བྲིས་འདོད་བློ་ལ་ཡོད་ཀྱང༌།།
ཕྲ་ཆུང་མིག་གིས་མི་ཟིན།།
ཨོ་ལོའི་ཆུང་འདྲིས་བྱམས་པ།།
གཞན་དང་ནོར་བ་མི་འདུག།
ཞྭ་མོ་ཝ་ཞྭའི་སྟེང་ལ།།
པ་ཏྲ་བརྩེགས་གསུམ་བརྒྱབ་ཡོད།།
སེ་སྡོང་སྡོང་པོའི་སྟེང་ལ།།
སེ་འབྲུ་ཉི་ཤུ་ཐམ་པ།།
གཅིག་ནི་ལས་ལ་བསྐོས་སོང༌།།
བཅུ་དགུ་དགོངས་པ་ཞུ་རྒྱུ།།
ཁམ་སྡོང་མཐོ་རང་དྲགས་ནས།།
ལག་པ་ཐུག་ས་མ་རེད།།
འབྲས་བུས་ཐུགས་བསམ་བཞེས་ནས།།
ཨམ་ཕྲག་ནང་དུ་ལོག་ཤོག།
བྱམས་པས་ལྕང་མའི་གསེབ་ནས།།
གསང་བརྡ་གཏོང་བ་གནང་བྱུང༌།།
བུ་མོ་ང་རའི་སེམས་ལ།།
ལོ་མའི་སྒྲ་རེད་བསམ་བྱུང༌།།
སྤྲིན་པ་ལྷོ་སྤྲིན་བྱང་སྤྲིན།།
ཕར་ཤིག་ཚུར་ཤིག་གནང་དང༌།།
བློ་ལ་ཡོད་པའི་སྐར་མ།།
ཨེ་ཤར་མི་ཤར་ལྟ་དགོས།།
ཟངས་ཆུང་བུམ་པ་དམར་པོ།།
ཞལ་བསང་གནང་རོགས་གནང་དང༌།།
རྨ་བྱའི་སྒྲོ་མདོངས་ང་ནི།།
རང་མགོ་ཐོན་པའི་ཁྱད་འདུག།
ཞིང་ལ་སྲན་མ་བཏབ་ཡོད།།
མཐའ་ལ་འགག་པ་བརྒྱབ་ཡོད།།
སྲན་མ་ཟ་སྙིང་འདོད་ན།།
འགག་པ་རྡོག་པས་མནན་ཤོག།
ཆུ་མིག་ཆུ་ནི་བཟང་བ།།
བུམ་བཀྱག་རྐང་བཞི་འགྲིགས་པ།།
དེ་ནས་ཆུ་གཅིག་བླངས་ན།།
བཀའ་བཀྱོན་གནང་མཁན་ཨེ་ཡོད།།
མ་གཞི་སོར་གདུབ་དངུལ་རེད།།
ཁྲ་ཀོང་རིན་ཆེན་གསེར་རེད།།
དྲུག་དམར་གཡུ་ཞིག་བརྒྱབ་ན།།
མ་རེད་ཟེར་མི་ཨེ་ཡོད།།
ང་རང་མི་འགྲོ་བསམ་ཡང༌།།
རྟ་ཕོས་མཚན་བསླངས་བཏང་བྱུང༌།།
རང་སེམས་རང་ལ་མི་གནས།།
བྱམས་པའི་ཕྱོགས་ལ་ཤོར་སོང༌།།
དཀར་གསལ་ཟླ་བ་ལྟ་བུའི།།
དཀར་ཚད་ཁྱེད་ལ་ཡོད་ན།།
ཁ་ཆར་སྤྲིན་པ་མེད་པ།།
བུ་མོ་ང་རས་ཞུས་ཆོག།
སྐར་མ་ཐ་རེ་ཐོ་རེ།།
ག་ས་ག་ནས་ཤར་བྱུང༌།།
སྙིང་དང་འདྲ་བའི་སྐར་ཆེན།།
གྲོང་སྟོད་ཡེ་ནས་ཤར་བྱུང༌།།
སེམས་ལ་ཡོད་པའི་མི་དེས།།
སྤྱན་ཞིག་གཟིགས་པ་གནང་དང༌།།
རྒྱ་མཚོའི་ནང་གི་ནོར་བུ།།
ལོན་ཐབས་ང་རས་ཞུས་ཆོག།
ལྷ་སའི་བུམ་པ་རི་འདི།།
རི་མགོ་མཐོ་བར་མ་བལྟས།།
བསང་འདི་ཨ་དྲུང་མཁན་པའི།།
དྲི་མཆོག་ཞིམ་པར་བལྟས་ཡོད།།
མདའ་མོ་འབེན་ལ་ཕོག་སོང༌།།
མདེའུ་ས་ལ་འཛུལ་སོང༌།།
ཆུང་འདྲིས་བྱམས་པ་འཕྲད་བྱུང༌།།
སེམས་ཉིད་རྗེས་ལ་འབྲངས་སོང༌།།
བསམ་ཡས་ལྕོག་གི་སྟེང་ནས།།
རྒྱ་གླིང་ཕོ་སྐད་མོ་སྐད།།
གཏོང་མཁན་ཨེན་ཆུང་པ་སངས།།
ཉན་མཁན་འོད་གསལ་སྒྲོན་མ།།
གསེར་བྱ་ངང་པ་ཆགས་པ།།
སྔོན་མོའི་མཚོ་ལ་ཡིན་འདུག།
དེ་ལ་བཅངས་པའི་བརྩེ་དུང༌།།
མཚོ་མོའི་ནང་ནས་གསལ་ཡོང༌།།
ཆུང་འདྲིས་ལུང་བའི་ཕུ་བྱས།།
ང་རང་ལུང་བའི་མདའ་བྱས།།
སེམས་པ་ཆུ་ལ་སྐུར་ཤོག།
རག་སྐྱོགས་སེར་པོས་གཅུས་ཆོག།
ཁྱེད་སེམས་རྫ་ཡི་བུམ་པ།།
བུམ་རྫས་གང་ཡོད་མི་ཤེས།།
ང་སེམས་ཤེལ་གྱི་བུམ་པ།།
ཕྱི་གསལ་ནང་གསལ་ཡིན་ནོ།།
རྩོམ་ཁུངས་། མཆོད་མེ་དྲ་བ་།